མི་དམངས་དྲ་བ།

༄༅།།ཀྲུང་དབྱང་སྒྲིག་ཨུད་ཀྱི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་
པེ་ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་27ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

    མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དེ་2014ལོའི་ཟླ་10ཚེས་25ཉིན་པེ་ཅིང་དུ་འཚོགས་ཤིང་། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ནང་ཞུགས་མཁན་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཨུ་ཡོན་123ཡོད་པ་རེད།
    ཚང་འཛོམས་གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། སྒྲིག་བཤེར་དང་ལྟ་ཞིབ་ཁོངས་གཏོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུའི་ལས་དོན་བཀོད་སྒྲིག་བྱེད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བར་སྲ་ཞིང་བརྟན་པའི་འགན་ལེན་ནུས་ལྡན་བྱ་རྒྱུ་དེ་རེད།
    ཚང་འཛོམས་གྲོས་ཚོགས་ནི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུད་ཀྱིས་གཙོ་སྐྱོང་གནང་བ་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་གསུང་བཤད་གནང་བ་རེད།
    ཝང་ཆི་ཧྲན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་སྐོང་ཚོགས་བྱས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་རེད།ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་གྲོས་འཆམ་བྱས་པའི《ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》དེ་དུས་བབ་གསར་པའི་འོག་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་སྐྲུན་མགྱོགས་སུ་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་།ཏང་དང་རྒྱལ་ཁབ་ཀྱི་དེང་སྐབས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པར་བླང་བྱ་གསལ་པོ་བཏོན་གནང་ཡོད།ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་རེད།རྒྱ་ཆེའི་སྒྲིག་བཤེར་དང་ལྟ་ཞིབ་ལས་བྱེད་པས་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་ཡིག་ཆ་མགོ་ནས་མཇུག་བར་སློབ་སྦྱོང་བྱེད་པ་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གོ་བ་གཏིང་ཟབ་བླངས་ནས་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་གྱིས་གོ་དོན་མཐིལ་རྟོགས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ཐོག་དངོས་གནས་གཅིག་གྱུར་ཡོང་བ་བྱེད་དགོས།བསམ་བློའི་ངོས་འཛིན་མཐོ་རུ་གཏོང་རྒྱུ་དེ་མཐར་བྱ་སྤྱོད་ཐོག་མཚོན་པ་བྱེད་དགོས།རིམ་ཁག་སྒྲིག་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཏང་གི་སྒྲིག་ཡིག་ནང་དཀྲིས་པའི་འགན་འཁྲི་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་།(པར་ངོས་དང་པོར་མཐུད) ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དོན་འཁྱོལ་བྱེད་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ།ལྟ་སྐུལ་དང་།སྒྲིག་ཁྲིམས་ལག་བསྟར།འགན་འཁྲི་རྩད་གཅོད་བཅས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཀྲུང་དབྱང་གི་སྲིད་བཀའ་ཐོགས་མེད་ངང་ལག་ལེན་བསྟར་རྒྱུའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
    ཝང་ཆི་ཧྲན་གྱིས་ནན་བཤད་གནང་དོན།སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དེ་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས་པ་དང་ཏང་གི་འགོ་ཁྲིད་ནི་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་ལ་བརྟེན་དགོས།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་ཆེ་ཤོས་དང་ཆེས་ངོ་བོའི་ཁྱད་ཆོས་ནི་ཏང་གི་འགོ་ཁྲིད་ཡིན་པ་དེ་ལོ་རྒྱུས་དང་མི་དམངས་ཀྱི་གདམ་ག་རེད།ཀྲུང་ཧྭ་མི་རིགས་ཀྱི་རང་ཚུགས་དང་བཅིངས་འགྲོལ་དེ་ཏང་གི་འགོ་ཁྲིད་འོག་ཐོབ་པ་ཡིན་པ་དང་མི་དམངས་དུང་ཕྱུར་13གྱི་ལྟོ་གོས་གནད་དོན་ཐག་གཅོད་བྱེད་པ་དང་འབྱོར་འབྲིང་སྤྱི་ཚོགས་རགས་ཙམ་སྐྲུན་ཐུབ་པ་དེའང་ཏང་གི་འགོ་ཁྲིད་འོག་མངོན་འགྱུར་བྱུང་བ་རེད།ཀྲུང་ཧྭ་མི་རིགས་དར་རྒྱས་དང་།སྟོབས་འབྱོར་ལྡན་པ།ཤེས་དཔལ་བཅས་ཀྱི་ཕྱོགས་སུ་སྐྱོད་པར་ངེས་པར་དུ་སྲ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་སྲོག་ཤིང་ཞིག་དགོས་པ་དང་སྲོག་ཤིང་དེ་ཚབ་བྱེད་ཐབས་མེད་པ་ཡིན་པ་དང་དེ་ནི་སྲིད་སྐྱོང་བྱེད་མཁན་ཀྲུང་གོ་གུང་ཁྲན་ཏང་རེད།ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ནི་ངོ་བོའི་ཐོག་གཅིག་མཐུན་རེད།རྩ་ཁྲིམས་ནང་ཏང་གི་སྲིད་སྐྱོང་གནས་བབ་གཏན་འཁེལ་བྱས་པ་དང་ཏང་ལ་རྒྱལ་སྐྱོང་དོན་སྒྲུབ་བྱེད་པའི་ལས་འགན་དང་འགན་འཁྲི་དཀྲིས་ཡོད།ཏང་གི་སྒྲིག་ཡིག་ནང་ཏང་གིས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་བྱེད་སྒོ་སྤེལ་བ་དང་སྲིད་སྐྱོང་ཏང་གི་རྩ་འཛིན་ཐོག་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་བྱ་རྒྱུའི་འགན་ལེན་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།ཏང་གིས་རང་ཉིད་ཀྱི་འདོད་བློ་དེ་ཁྲིམས་ཐོག་གཏན་འཁེལ་བྱེད་པའི་གོ་རིམ་བརྒྱུད་རྒྱལ་ཁབ་ཀྱི་འདོད་བློར་འགྱུར་བ་བྱེད་པ་དང་རྒྱལ་ཡོངས་མི་དམངས་ཀྱིས་ཐུན་མོང་ཐོག་བརྩི་སྲུང་ཞུ་བའི་བཅའ་ཁྲིམས་ལ་འགྱུར་བ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་ཀྱི་ཡོད།
    ཝང་ཆི་ཧྲན་གྱིས་བསྟན་དོན།རྒྱལ་ཁབ་སྐྱོང་བར་ངེས་པར་དུ་སྔོན་ལ་ཏང་བཅོས་སྐྱོང་བྱེད་པ་དང་ཏང་བཅོས་སྐྱོང་བྱེད་པར་ངེས་པར་དུ་བཅོས་སྐྱོང་ནན་པོ་བྱེད་དགོས།ཏང་གི་འབད་འཐབ་དམིགས་ཚད་ཇི་ཙམ་བརྗིད་རླབས་ཆེ་བ་དང་།འཕྲད་པའི་དུས་བབ་ཇི་ཙམ་རྙོག་འཛིང་ཆེ་བ།ཕྲག་ཐོག་གི་ལས་འགན་ཇི་ཙམ་དཀའ་ཚེགས་ཆེ་ཚེ་དེ་ཙམ་གྱིས་གཟབ་ནན་ལ་དམ་འཛིན་བྱེད་པ་དང་ཏང་བཅོས་སྐྱོང་ནན་པོ་བྱེད་དགོས།ཏང་གི་གཏན་འབེབས་དང་ཏང་གི་སྒྲིག་ལམ་ནི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལས་ནན་ཞིང་།ཏང་ནི་བླ་ན་མེད་པའི་འགན་འཁྲི་ཁུར་བའི་ཆབ་སྲིད་ཀྱི་རྩ་འཛུགས་ཤིག་ཡིན་པ་དང་ཏང་ཡོན་ནི་དམིགས་བསལ་གྱི་ཆབ་སྲིད་འགན་འཁྲི་ཁུར་བའི་སྤྱི་དམངས་རེད།ཏང་ནང་ཞུགས་ཚེ་འོས་འགན་མང་དུ་སྒྲུབ་དགོས་པ་མཚོན་པས་ཆབ་སྲིད་ཐད་བློ་དཀར་སེམས་དཀར་ལ་སྣང་ཆེན་དང་།རྩ་འཛུགས་ཐད་བརྩི་སྲུང་ཞུ་བར་སྣང་ཆེན།བྱ་སྤྱོད་ཐད་སྒྲིག་ལམ་ལ་སྣང་ཆེན་བཅས་བྱེད་དགོས།ཏང་བཅོས་སྐྱོང་ནན་པོ་མཐའ་འཁྱོངས་བྱེད་པར་ཚད་གཞི་ནན་པོའི་སྒོ་ནས་ཏང་ཡོན་ལ་བླང་བྱ་འདོན་པ་དང་བྱ་ཐབས་ནན་པོའི་སྒོ་ནས་ལས་བྱེད་པར་དོ་དམ་བྱེད་དགོས།སྲིད་སྐྱོང་ཏང་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ཡོངས་དང་ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ངེས་པར་དུ་ཏང་གི་སྒྲིག་ཡིག་དང་།ཏང་གི་གཏན་འབེབས།ཏང་གི་སྒྲིག་ལམ་བཅས་ཀྱི་ལྡོག་མེད་ཀྱི་ཚོད་འཛིན་ཕོག་དགོས་པ་དང་ངེས་པར་དུ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དཔེ་བཟང་ངང་བརྩི་སྲུང་ཞུ་དགོས།
    ཝང་ཆི་ཧྲན་གྱིས་ནན་བཤད་གནང་དོན།ཏང་གི་བྱ་གཞག་འཕེལ་རྒྱས་གཏོང་བར་ཏང་ལ་དོ་དམ་ཡག་པོ་དང་ཏང་བཅོས་སྐྱོང་ཡག་པོ་བྱ་རྒྱུའི་བླང་བྱ་འདོན་དགོས་ལ་ཏང་འཛུགས་སྐྱོང་ཡག་པོ་བྱ་རྒྱུའི་བླང་བྱའང་འདོན་དགོས།ཏང་ནང་གི་ཁྲིམས་སྲོལ་ཆ་ཚང་ཞིག་ཡོད་པ་དེ་རང་རེའི་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་ཆེན་པོ་ཞིག་རེད།ཏང་གི་གཏན་འབེབས་དང་ཏང་གི་སྒྲིག་ལམ་ལས་ཏང་གི་ཕུགས་བསམ་དང་དད་སེམས་ཀྱི་དམིགས་ཡུལ་དང་།རྩ་འཛུགས་ཀྱི་འགན་ལེན།བྱ་སྤྱོད་ཀྱི་ཚད་གཞི།སྒྲིག་ཁྲིམས་ཀྱི་ཚོད་འཛིན་བཅས་མཚོན་ཡོད།རང་རེའི་ཏང་དབུ་བརྙེས་ནས་ལོ་93འཁོར་བ་དང་།འབྱོར་མེད་གྲལ་རིམ་གྱི་སྲིད་ཏང་བཙུགས་ནས་ལོ་100ལྷག་ཙམ་འཁོར་བ།འཛམ་གླིང་གི་སྲིད་ཏང་བཙུགས་ནས་ལོ་300ལྷག་ཙམ་འཁོར་བ་བཅས་ཀྱི་ལམ་ལུགས་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་ཏང་ནང་གི་ཁྲིམས་སྲོལ་དང་ལམ་ལུགས་འཛུགས་སྐྱོང་ལ་སྤྱི་འདོམས་ངང་སྐུལ་འདེད་བཏང་སྟེ་ཏང་དབུ་བརྙེས་ནས་ལོ་100འཁོར་སྐབས་ནང་དོན་ཚན་རིག་དང་མཐུན་པ་དང་།གོ་རིམ་ནན་པ།ལྷན་སྦྱར་ཆ་ཚང་།འཁོར་སྐྱོད་ནུས་ལྡན་བཅས་ཀྱི་ཏང་ནང་གི་ཁྲིམས་སྲོལ་དང་ལམ་ལུགས་ཀྱི་མ་ལག་ཅིག་བཟོ་ཐུབ་པའི་འགན་ལེན་བྱེད་དགོས།ཏང་གི་གཏན་འབེབས་དང་ཏང་གི་སྒྲིག་ལམ་དེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ་དང་ཆབ་སྲིད་ཀྱི་སྒྲིག་ལམ་དང་རྩ་འཛུགས་ཀྱི་སྒྲིག་ལམ་ཚད་ལྡན་བཟོ་རྒྱུར་སྣང་ཆེན་བྱས་ནས་དོན་གནད་ཁ་གསལ་དང་།གོ་བདེ་ཤེས་སླ།ལག་བསྟར་བྱེད་བདེ་བ་བཅས་བྱེད་དགོས།ཏང་གི་སྒྲིག་ལམ་གྱི་ཞིབ་བཤེར་ལམ་སྲོལ་སྒྱུར་བཅོས་བྱེད་པའི་ལག་ལེན་གྱི་གྲུབ་འབྲས་དེ་ལམ་ལུགས་ལ་འགྱུར་བ་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འབྲེལ་ཡོད་ཏང་གི་གཏན་འབེབས་དང་ཏང་གི་སྒྲིག་ལམ་དང་བཅའ་ཁྲིམས་ཁྲིམས་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས།
    ཝང་ཆི་ཧྲན་གྱིས་བསྟན་དོན།ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་སྟེ་ཀུན་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་ལྟར་རྒྱལ་སྐྱོང་གཅིག་གྱུར་ཡོང་བ་བྱེད་དགོས།བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་ཚང་དང་མ་ལག་ཆ་ཚང་ཇི་ལྟར་ཡོད་ནའང་མཐར་མིས་ལག་བསྟར་བྱེད་དགོས།ཏང་ཡོན་ལས་བྱེད་པར་གལ་ཏེ་ཀུན་སྤྱོད་ཐད་གནད་དོན་ཐོན་ཚེ་ཁྲིམས་ལུགས་ལྷོད་དུ་སོང་བ་དང་བཀའ་ཁྲིམས་བརྩི་མེད་དུ་འགྲོ་རྒྱུ་སྨོས་ཅི་དགོས།ད་ཆ་ཏང་ཡོན་ལས་བྱེད་པ་ཁག་གཅིག་གིས་ཏང་གི་གཏན་འབེབས་དང་ཏང་གི་སྒྲིག་ལམ་སློབ་སྦྱོང་མི་བྱེད་པ་དང་།བཅའ་ཁྲིམས་དང་ཁྲིམས་སྲོལ་མི་ཤེས་པ།སྒྲིག་ལམ་སྣང་མེད་དུ་གཏོང་བ།སྤྱོད་གཙང་ཁྲེལ་ཡོད་མི་རྟོགས་པ་བཅས་བྱས་ནས་དོགས་ཟོན་དང་དངངས་སྐྲག་གི་བསམ་བློ་སྤུ་ཙམ་ཡང་མེད།གོ་གནས་ཇི་ཙམ་མཐོ་བ་དང་དབང་ཆ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་སེམས་ནང་བཀུར་ཞིང་སྐྲག་པ་བྱེད་པ་དང་འཁྱགས་པ་སྲབ་མོའི་ཐོག་འགྲོ་བ་ལྟར་གཟབ་ནན་བྱེད་དགོས།ཁྱིམ་ཚང་འཛིན་སྐྱོང་བྱེད་པ་དང་རྒྱལ་ཁབ་བསྐྱངས་ནས་གནམ་འོག་བདེ་ལ་འཁོད་པ་བྱེད་པར་རང་གཅུན་བློ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན།ཕ་མར་བསྙེན་བཀུར་དང་།སྤུན་མཆེད་ལ་བརྩི་བ།རྒྱལ་ཁབ་ལ་རྣམ་དགཡིད་རྟོན་ལ་སྣང་ཆེན།གཞན་ལ་གུས་ཞབས།དྲང་བདེན་ལ་སྣང་ཆེན།ངོ་ཚ་ཁྲེལ་ཡོད་བཅས་ནི་ཀྲུང་ཧྭའི་ཤེས་དཔལ་གྱི་གཞི་རྐྱེན་ཞིག་ཡིན་པ་དང་ཀུན་སྤྱོད་དང་།བཅོས་སྐྱོང་།གུས་ཞབས་བཅས་ནི་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་གལ་ཆེན་ཞིག་རེད།རང་ཉིད་ཀྱི་ལོ་རྒྱུས་སྲོལ་རྒྱུན་ལ་བརྩི་འཇོག་བྱེད་པ་དང་རིག་གནས་ཀྱི་རྩ་བ་ཁོང་དུ་ཡག་པོ་ཆུད་པ་བྱས་ཏེ་ངན་པ་ཕར་གཅོད་དང་བཟང་པོ་ཚུར་ལེན་གྱིས་གུས་ཁྲིམས་གཅིག་ལ་གཅིག་བརྟེན་དང་།ཀུན་སྤྱོད་དང་གུས་ཞབས་ལ་སྣང་ཆེན།རང་གཅུན་བློ་སྦྱོང་བཅས་བྱེད་པའི་ལོ་རྒྱུས་ཀྱི་བློ་གྲོས་བསྡུ་ལེན་བྱེད་པ་དང་གུས་སྲོལ་ཁྱིམ་སྲོལ་དང་ཡུལ་སྲོལ་དམངས་ཆིངས་ཀྱི་སློབ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བ་དང་གཏན་འབེབས་དང་སྒྲིག་ལམ་ལ་བརྟེན་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པར་རིག་གནས་ཀྱི་འཚོ་བཅུད་མཁོ་འདོན་བྱེད་དགོས།
    ཝང་ཆི་ཧྲན་གྱིས་ནན་བཤད་གནང་དོན།ཏང་ཡོན་ལས་བྱེད་པ་དང་ལྷག་དོན་དུ་འགོ་ཁྲིད་ལས་བྱེད་པས་ཏང་གི་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་ལམ་ལུགས་ནན་པོར་བསྲུངས་ནས“ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར”བྱ་རྒྱུ་དེ་དངོས་དངོས་རྗེན་རྗེན་གྱི་བྱ་སྤྱོད་ཅིག་ཏུ་འགྱུར་བ་བྱེད་དགོས།ཏང་ནང་དུ་ཕྱོགས་གཏོགས་འཛུགས་པ་དང་།ངན་པ་ཕྱོགས་བསྒྲིགས།ཁེ་ཕན་སྤྲོད་རེས་བཅས་གཏན་ནས་བྱེད་མི་རུང་ལ་རང་དགའ་རང་འདོད་དང་མངོན་སྲུང་ལྐོག་འགལ་གཏན་ནས་བྱེད་མི་རུང་།ཆབ་སྲིད་ཀྱི་སྒྲིག་ལམ་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་གོང་གི་སྲིད་ཇུས་འོག་ལ་གཡོལ་ཐབས་ཡོད་པ་དང་།བཀའ་རྒྱ་ཡོད་རུང་ལག་བསྟར་མི་བྱེད་པ།བཀག་ཀྱང་མི་ཉན་པ་བཅས་ཀྱི་བྱེད་སྤྱོད་ཞིབ་གཅོད་མཐའ་གཅིག་ཏུ་བྱས་ཏེ་ཏང་གི་གཅིག་སྡུད་གཅིག་གྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།
    ཝང་ཆི་ཧྲན་གྱིས་བསྟན་དོན།ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཚམས་འཇོག་ནམ་ཡང་བྱེད་མི་རུང་།ཏང་ཀྲུང་དབྱང་ནི་དར་ཆ་གསལ་སྟོན་དང་།ལངས་ཕྱོགས་བརྟན་པོ།བློ་རྩ་བརྟན་པོ།འགོ་ཁྲིད་ཤུགས་དང་ལྡན་པ་བཅས་ཡིན་པ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཐོབ་པའི་ཕན་འབྲས་གསར་པ་ལས་ཏང་ཡོངས་ཀྱི་ཡིད་ཆེས་ཆེ་རུ་དང་ཏང་གི་དབང་གྲགས་ཆེ་རུ་ཕྱིན་ནས་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་བཀུར་ཐོབ་ཡོད།དེང་སྐབས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང“སྤྱོད་ཚུལ་བཞིའི”གནད་དོན་རྩ་གཅོད་ཐུབ་མེད་པས་དེ་བསྐྱར་ལོག་སྔོན་འགོག་བྱ་རྒྱུའི་ལས་འགན་ལྕི་པོ་ཡོད།རུལ་སུངས་ལ་ཆད་གཅོད་བྱེད་པའི་དམ་བསྒྲགས་རྣམ་པའི་འོག་ཏང་ཡོན་ལས་བྱེད་པ་འགའ་ཞིག་གིས་སྔར་བཞིན་གཟབ་གཟབ་དང་མཚམས་འཇོག་མི་བྱེད་པ་མ་ཟད་ཐ་ན་སྡུག་ཐོག་སྡུག་བརྩེགས་བྱེད་ཀྱི་ཡོད།ང་ཚོས་ངེས་པར་དུ་ནམ་ཡང་རིག་པ་དྭངས་གསལ་གྱིས་ཆབ་སྲིད་ཀྱི་ངེས་གནས་རྒྱུན་འཁྱོངས་བྱེད་པ་དང་ཡིད་ཆེས་དང་སེམས་ཤུགས་ཆེ་རུ་གཏོང་དགོས།རྒྱུན་སྲིང་ལྷོད་མེད་ཀྱིས“སྤྱོད་ཚུལ་བཞིའི”གནད་དོན་ཡོ་བསྲང་བྱེད་པ་དང་འབད་འབུངས་ལྷོད་མེད་ཀྱིས་སྤྱོད་ཚུལ་ལེགས་གཏོང་དང་སྒྲིག་ཁྲིམས་ནན་གཏོང་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་དེ་གཞི་ཚུགས་ཐུབ་པ་བྱེད་པ་དང་རྒྱུན་གཏན་གྱི་རྣམ་པ་གསར་པ་ཞིག་ཏུ་འགྱུར་བ་བྱེད་དགོས།དུས་བབ་དེ་འདྲའི་འོག་སུ་འདྲ་ཞིག་གིས་རང་འདོད་རང་སྣང་དང་སྔ་སྲོལ་རང་བཞག་བྱེད་ཕོད་ཚེ་ཏང་གི་སྤྱོད་ཚུལ་ལེགས་སུ་གཏོང་བར་རིན་དོད་འབུལ་དགོས།དམ་བསྒྲགས་ཀྱི་རྣམ་པ་མུ་མཐུད་མཐའ་འཁྱོངས་ཀྱིས་རུལ་སུངས་སྔོན་འགོག་དང་རུལ་སུངས་རྩ་བཅོས་བྱས་ནས་རུལ་སུངས་ཁྱབ་པའི་གནས་ཚུལ་བློ་ཐག་ཆོད་པོས་བཀག་འགོག་བྱེད་པ་དང་རྩ་བཅོས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་རུལ་སུངས་བྱེད་མི་ཕོད་པ་དང་།རུལ་སུངས་བྱེད་མི་ཐུབ་པ།རུལ་སུངས་བྱེད་འདོད་མེད་པ་བཅས་ཀྱི་ལམ་སྲོལ་ནུས་ལྡན་ཞིག་རིམ་བཞིན་ཆགས་པ་བྱེད་དགོས།
    ཝང་ཆི་ཧྲན་གྱིས་འཆར་འགོད་བཟོས་ཟིན་པས་འགག་རྩ་ནི་དོན་འཁྱོལ་ལ་ཐུག་ཡོད།རིམ་ཁག་སྒྲིག་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་ལྟེ་བའི་ལས་འགན་ལ་དམིགས་པ་དང་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བའི་བླང་བྱ་གཞིར་བཟུང་འགན་ནུས་དང་།བྱེད་ཐབས།སྤྱོད་ཚུལ་བཅས་འགྱུར་ལྡོག་གཏིང་ཟབ་གཏོང་དགོས།ལྕགས་རྡུང་བར་ཐོ་བ་མཁྲེགས་པོ་དགོས།ཀྲུང་དབྱང་སྒྲིག་ཨུད་ཀྱི་ཨུ་ཡོན་ནི་གཟི་བརྗིད་མིན་པར་ལས་འགན་ཡིན་ལ་འགན་འཁྲི་དེ་བས་ཡིན་པར་བརྟེན་གཙང་མ་གཙང་རྐྱང་གི་མི་ཞིག་བྱེད་པ་དང་འབད་བརྩོན་ཧུར་ལེན་གྱིས་ཏང་གི་ཆེད་ལས་ཀ་བྱེད་དགོས།སྒྲིག་བཤེར་དང་ལྟ་ཞིབ་ལས་བྱེད་པས་བཀུར་ཞིང་སྐྲག་ལ་དོགས་ཟོན་གྱི་བསམ་པའི་ཐོག་ནས་སྒྲིག་བཀུར་ཁྲིམས་སྲུང་གི་མིག་དཔེ་བྱེད་དགོས།རང་ངོས་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་སྒྲིག་ཁྲིམས་གཟབ་ནན་གྱི་ཐོག་ནས་ལྷག་བསམ་རྣམ་དག་དང་།གཙང་མ་གཙང་རྐྱང་།འགན་ཁུར་ཕོད་པ་བཅས་ཀྱི་སྒྲིག་བཤེར་དང་ལྟ་ཞིབ་དཔུང་ཁག་ཅིག་སྐྲུན་དགོས་པའི་བླང་བྱ་བཏོན་གནང་བ་རེད།
    ཚང་འཛོམས་གྲོས་ཚོགས་ཐོག་ལིའུ་ཅིན་གོ་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཧྲུའུ་ཅི་གཞོན་པར་བདམས་པ་རེད།