མི་དམངས་དྲ་བ།

༄༅།།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཆེད་ཁྲིམས་སྐྱོང་གི་འགན་ལེན་བྱེད་དགོས། 

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་27ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

  དེང་རབས་ཅན་གྱི་ལམ་བུའི་ཐོག་སྐྱོད་བཞིན་པའི་ཀྲུང་གོའི་ངོས་ནས་བརྗོད་ན། ཁྲིམས་སྐྱོང་ནི་དར་རྒྱས་དང་བརྟན་ལྷིང་གི་རྨང་རྡོ་ལྟ་བུ་ཞིག་ཡིན་པ་དང་། མི་རིགས་བསྐྱར་དར་གྱི་དེད་དཔོན་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གི་ངོས་ནས་བརྗོད་ན། ཁྲིམས་སྐྱོང་ནི་སྲིད་འཛིན་རྒྱལ་དར་གྱི་འདེགས་སྐྱོར་ཡིན།
    འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་མཚམས་དང་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགག་སྒྲོལ་དུས་སུ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ཁྲིམས་ལྟར་རྒྱལ་སྐྱོང་བརྗོད་བྱ་གཙོ་བོར་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དཔུང་སྐྱོད་དུང་བརྡ་བསྒྲགས།ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ནི་རང་རྒྱལ་ལོ་རྒྱུས་ཐོག་གི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཆེད་དོན་གཏན་འབེབས་དང་པོ་དེ་ཡིན།དེའི་ནང་ཏང་ཡོངས་ཀྱི་བློ་གྲོས་འདུས་པ་དང་མི་དམངས་ཀྱི་བློ་སྟོབས་མཚོན་ཡོད།དེ་ནི་དུས་བབ་གསར་པའི་འོག་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད།ཚང་འཛོམས་གྲོས་ཚོགས་ཐོག་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་རང་རེའི་ཏང་གི་སྲིད་སྐྱོང་རྒྱལ་དར་དང་འབྲེལ་བ་ཡོད་པའི་སྤྱི་ཡོངས་རང་བཞིན་གྱི་གནད་དོན་ཞིག་ཡིན་པས་ངེས་པར་དུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་པའི་ནན་བཤད་བྱས་ཡོད།
    ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དེ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དང་བསླབ་བྱ་ཟབ་མོར་ཕྱོགས་སྡོམ་གཏིང་ཟབ་བྱས་ནས་གཏན་འཁེལ་བྱས་པའི་གདམ་ག་གལ་ཆེན་ཞིག་རེད།སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཁྲིམས་ལྟར་རྒྱལ་སྐྱོང་གི་གཞི་རྩའི་ཇུས་གཞི་ཆེ་མོ་བཏོན་པ་ནས་ཁྲིམས་ལྟར་སྲིད་སྐྱོང་བའི་གཞི་རྩའི་བྱེད་ཐབས་གཏན་འཁེལ་བྱས་པའི་བར་དང་།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཆགས་པ་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་དང་ཁྲིམས་འཛིན་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བའི་བར་ནི་ཀྲུང་གོའི་འཕེལ་རྒྱས་ཀྱི་འཕེལ་རིམ་ཞིག་ཡིན་ལ་ཁྲིམས་སྐྱོང་ཡར་ཐོན་གྱི་བརྒྱུད་རིམ་ཞིག་ཀྱང་ཡིན།ག་དུས་ཁྲིམས་སྐྱོང་ལ་མཐོང་ཆེན་དང་ཁྲིམས་སྐྱོང་དར་རྒྱས་བཏང་ཕྱིན་དེ་དུས་རྒྱལ་དར་དམངས་བདེ་ཡོང་ཐུབ་པ་དང་།ག་དུས་ཁྲིམས་སྐྱོང་ལ་སྣང་ཆུང་དང་ལྷོད་གཡེང་བཏང་ཕྱིན་དེ་དུས་རྒྱལ་ཕུང་དམངས་འཁོན་ཡོང་ངེས་ཡིན་པ་ལག་ལེན་དངོས་ལས་ར་འཕྲོད་ཡོད།དཔལ་འབྱོར་འཕེལ་རྒྱས་དང་།ཆབ་སྲིད་སྤྱོད་གཙང་།རིག་གནས་དར་རྒྱས།སྤྱི་ཚོགས་དྲང་གཞགསྣོད་བཅུད་བཟང་བ་བཅས་མངོན་འགྱུར་ཡོང་བ་བྱེད་པར་ངེས་པར་དུ་ཁྲིམས་སྐྱོང་གི་སྣེ་ཁྲིད་དང་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
    ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དེ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་།ཏང་དང་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འཁོད་མངོན་འགྱུར་ལ་དམིགས་ནས་ཕུགས་ཀྱི་བསམ་གཞིག་བྱས་པ་ཅིག་རེད།རྒྱལ་ཁབ་དང་སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་འགག་རྩ་ནི་ལམ་ལུགས་འཛུགས་པ་དང་།ལམ་ལུགས་ལ་སྣང་ཆེན།ལམ་ལུགས་སྲུང་བ་བཅས་ལ་ཐུག་ཡོད།བཅའ་ཁྲིམས་ནི་རྒྱལ་སྐྱོང་སྲིད་འཛིན་གྱི་ལམ་ལུགས་ཆེ་ཤོས་དེ་ཡིན།“ལོ་རྒྱུས་ཀྱི་དུས་འཁོར་ཆོས་ཉིད”ལས་སྒྲོལ་བ་དང་ཡུན་རིང་སྲིད་སྐྱོང་བྱེད་པ་དང་།“ཀྲུང་གོའི་ལམ་བུའི”ཐོག་ཡག་པོ་བསྐྱོད་པ་དང་ཏང་དང་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འཁོད་མངོན་འགྱུར་བྱེད་པར་ངེས་པར་དུ་ཁྲིམས་སྐྱོང་གིས་རྩ་བའི་རང་བཞིན་དང་།སྤྱི་ཡོངས་རང་བཞིན།ཡུན་རིང་རང་བཞིན་བཅས་ཀྱི་ལམ་ལུགས་ཀྱི་འགན་ལེན་བྱེད་དགོས།ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཡང་དག་པའི་ངང་ཁོང་དུ་ཆུད་པ་དང་ཚང་འཛོམས་གྲོས་ཚོགས་ཀྱི་གཏན་འབེབས་ལག་བསྟར་གཏིང་ཟབ་བྱེད་པར་ཁྲིམས་སྐྱོང་གི་ནུས་པ་དང་གནས་བབ་དེ་མཐོ་ཚད་དེ་འདྲའི་ཐོག་བཞག་ནས་གོ་བ་ལེན་དགོས།
    ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་སྒྱུར་བཅོས་ཀྱི་བྱེད་ཐབས་གལ་ཆེན་ཁག་180ལྷག་ཙམ་བཏོན་པ་དེ་དག་ཁྲིམས་སྐྱོང་རྒྱལ་ཁབ་ཀྱི་ཕྱོགས་གང་ས་ཅི་ཐད་ལ་ཁྱབ་ཡོད།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་ལས་འགན་དེ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ང་ཚོའི་མདུན་དུ་འཕྲད་ཡོད།ཁྲིམས་སྐྱོང་ཀྲུང་གོའི་འཆར་གཞི་ཆེན་པོ་རིམ་བཞིན་བཀོད་ཡོད།དུས་ཚོད་སྐར་ཆ་གཅིག་ཀྱང་བརྩོན་ལེན་བྱེད་པའི་སྙིང་སྟོབས་དང་སེམས་ནུས་ཡོད་རྒུ་འདོན་པ་དང་ཡག་པོ་སྒྲུབ་པའི་སྤྱོད་ཚུལ་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གལ་ཆེན་དང་ཁྱོན་ཡོངས་ཀྱི་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱས་ཚེ།གཞི་ནས་ཁྲིམས་སྐྱོང་གི་ལམ་བུ་བརྒྱུད་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཕྱོགས་སུ་སྐྱོད་ཐུབ།