འཚོལ་བཤེར།   
藏文频道
2014ལོའི་ཟླ་8ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བློན་ཆེན་མགར་སྟོང་བཙན།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་27ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ།ལྷ་ལུང་།)

     
        བློན་ཆེན་མགར་སྟོང་བཙན་ནི། རྒྱལ་པོ་སྲོང་བཙན་སྒམ་པོའི་མེད་ཐབས་མེད་པའི་བློན་ཆེན་བཞིའི་ནང་གི་གཅིག་ཡིན་ཞིང་། འཁྲུངས་ཡུལ་སྟོད་ལུང་ལམ་པ་ནས་ཡིན། དེང་སང་གནས་དེར་མགར་གྱི་ཕོ་བྲང་ཆགས་པའི་ཡུལ་ཡིན་ཟེར་བ་མཐོང་རྒྱུ་ཡོད། མགར་སྟོང་བཙན་རིག་པ་རྣོ་ཞིང་ཆབ་སྲིད་དང་དམག་དོན་ལ་མཁས་པས་སྔ་རྗེས་སུ་རྒྱལ་པོ་སྲོང་བཙན་སྒམ་པོས་མངགས་པ་ལྟར་བལ་ཡུལ་དུ་སོང་ནས་བལ་བཟའ་ཁྲི་བཙུན་གདན་དྲངས་པ་དང་། བཙན་པོ་མང་སྲོང་མང་བཙན་གྱིས་སྲིད་དབང་བཟུང་སྐབས་ལོ་བཅོ་ལྔའི་རིང་བཙན་པོར་ཆབ་སྲིད་སྐྱོང་རོགས་བྱས། གོང་མ་ཐང་ཀའོ་ཙུང་གིས་སར་འཚམས་འདྲིར་སོང་བ་སོགས་སྙན་ལ་རིང་བའི་ལོ་རྒྱུས་ངོ་མཚར་ཆེ་བ་མང་པོ་ཤོད་རྒྱུན་ཡོད་ཅིང་། བོད་ས་གནས་སུ་རུ་བཞི་དང་སྟོང་སྡེ་དྲུག་ཅུ་རྩ་བཞིར་བགོས་ནས་དམག་སྲིད་ཟུང་འབྲེལ་གྱི་སྲིད་དབང་འཛུགས་པ་དང་། དམག་དཔུང་ལ་དབང་བ། དམག་དཔོན་ལ་དབང་བ། བློན་ཆེན་ལ་དབང་བ། རྒྱལ་པོ་ལ་དབང་བ་སོགས་རིགས་ལྔར་བགོས་ཏེ་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་འཛུགས་པ་སོགས་བྱས་རྗེས་ཆེན་པོ་བཞག་ཡོད་པར་བརྟེན། བོད་ས་གནས་སུ་བློན་ཆེན་མགར་སྟོང་བཙན་ལ་སྙན་གྲགས་ཆེན་པོ་ཡོད།
        གོང་མ་ཐང་ཐའི་ཙུང་གིས་ཀྱང་བློན་ཆེན་མགར་སྟོང་བཙན་གྱིས་བཤད་པའི་སྐད་ཆ་བློ་ལ་བབས་པོ་བྱུང་ནས་རང་ཉིད་ཀྱི་ཚ་མོ་ཀོང་ཇོ་ཞིག་བག་མར་སྤྲད་ཀྱང་ཐབས་མཁས་བྱས་ནས་དང་དུ་མ་བླངས་ཤིང་།གོང་མས་སླར་ཡང་བློན་པོ་མགར་ལ་ཡང་གཡིའུ་གཡུ་ཐའི་ཅང་ཇུན་གཡས་རུའི་སྐུ་སྲུང་དམག་སྤྱི་ཆེན་མོ་ཞེས་པའི་གོ་གནས་སྤྲད།རྒྱལ་པོ་སྲོང་བཙན་སྒམ་པོ་འདས་རྗེས་སུའང་མང་སྲོང་མང་ཙན་གྱིས་སྲིད་དབང་བཟུང་བའི་ལོ་བཅོ་ལྔའི་རིང་རོགས་རམ་བྱས་ཤིང་།ཚེ་སྨད་དུ་འ་ཞའི་ཡུལ་དུ་སྔ་རྗེས་བསྡོམས་ལོ་དྲུག་དང་གྲུ་གུའི་ཡུལ་དུ་ལོ་གཅིག་བཅས་མཐའ་སྲུང་བློན་ཆེན་གྱི་ལས་འགན་ཁུར།ཐང་ཀའོ་ཙུང་གི་ཆེན་ཧྥིང་ཁྲི་ལོ་གཉིས་པ་མེ་ཡོས(སྤྱི་ལོ667)ལོར་འ་ཞའི་ཡུལ་ནས་བོད་ས་གནས་སུ་ཕྱི་ར་ལོག་བྱེད་པའི་ལམ་བར་ཟིང་མདའ་ཟེར་བའི་ས་ཆར་སླེབས་སྐབས་གཉན་འབྲས་ཀྱི་ན་ཚ་བྱུང་ནས་འདས།བློན་པོ་མགར་སྟོང་བཙན་ལ་བུ་ལྔ་ཡོད།(མགར་བཙན་སྙ་ལྡོམ་བུ།མགར་ཁྲི་འབྲིང་།མགར་བཙན་བྲོད།བློན་ཟི་མདོ་ཡེ།བློན་འབལ་ལོན)པ་ལས་ཆེ་བ་མགར་བཙན་སྙས་འདས་རྗེས་ལོ་ངོ་དྲུག་སོང་བ་ཆུ་སྦྲེལ(སྤྱི་ལོ672)ལོ་ནས་བློན་ཆེན་གྱི་གོ་གནས་བཟུང་ཞིང་།བུ་གཞན་གསུམ་གྱིས་དམག་དཔོན་བྱས།ཤིང་བྱ(སྤྱི་ལོ685)ལོར་བློན་མང་ཉེན་སྟག་ཚབ་དང་མ་མཐུན་པར་ནང་དམེ་བྱུང་སྟེ་མང་ཉེན་སྟག་ཚབ་ཀྱིས་བསད།དེ་རྗེས་དེའི་ཚབ་ཏུ་བུ་གཉིས་པ་མགར་ཁྲི་འབྲིང་གིས་བློན་ཆེན་བྱས།དེ་ནས་ལོ་ངོ་བཅུ་བཞི་སོང་བ་ས་ཁྱི(སྤྱི་ལོ698)ལོར་རྒྱལ་པོ་འདུས་སྲོང་མང་པོ་རྗེ་དང་མ་མཐུན་པར་རྒྱལ་པོས་མགར་ཁྲི་འབྲིང་ལ་དམག་དྲངས་ཏེ་ཁྲི་འབྲིང་རང་སྲོག་བཅད།མགར་བཙན་བྲོད་དང་སྤུན་མཆེད་གཞན་རྣམས་ཀྱིས་རང་གི་འཁོར་གཡོག་ཁྲིད་དེ་ཐང་རྒྱལ་རབས་ལ་མགོ་བཏགས་ཞུ་བར་སོང་།སྐབས་དེར་ཐང་གོང་མ་ནི་བཙུན་མོ་འུ་ཙེ་ཐན་ཡིན་པས་སྐུ་སྲུང་དམག་བཏང་ནས་བསུ་བ་བྱས་ཏེ།མགར་བཙན་བྲོད་ལ་ཐེའུ་ཙིན་དང་།ཧྥུ་གོ་དམག་དཔོན་ཆེན་པོ་ཀོས་དེ་ཇུན་ཝང་ཞེས་པའི་ཆོ་ལོ་དང་།མང་པོ་རྗེ་ལ་ཙོའུ་ལིང་ཏའོ་ཇང་གུན་ཨན་གུའི་གུང(གཡོན་རུའི་དམག་སྤྱི་ཆེན་པོ)ཞེས་པའི་ཆོ་ལོ་སྤྲད་དེ་ཐང་གི་བློན་པོའི་གྲས་སུ་བཞག ༼གངས་ལྗོངས་མི་སྣ་གྲགས་ཅན་གྱི་ལོ་རྒྱུས་མཛད་ཐང་༽ ལས་བཏུས།
      

    ཕྱོགས་བསྡུས་གསར་འགྱུར།