མི་དམངས་དྲ་བ།

༄༅༎རེ་རེ་བཞིན་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཞིབ་བཤེར་བྱས་ཏེ་ས་རྒྱུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་
ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་29ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

༄༅༎ལི་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ས་རྒྱུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ཀྱི་ཁྲིམས་བསྟར་ཞིབ་བཤེར་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་བསྟན་གནང་དོན། རེ་རེ་བཞིན་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཞིབ་བཤེར་བྱས་ཏེ་ས་རྒྱུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་པེ་ཅིང་དུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ས་རྒྱུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ཀྱི་ཁྲིམས་བསྟར་ཞིབ་བཤེར་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་བ་རེད། ལི་ཀྲན་ཧྲུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། གཙོ་གནད་མངོན་གསལ་དོད་པོ། གནས་ཀྱིས་ཁྱོན་ཁྲིད་པ་བཅས་བྱས་ཏེ་རེ་རེ་བཞིན་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཞིབ་བཤེར་བྱས་ནས་ས་རྒྱུའི་སྦགས་བཙོག་འགོག་བཅོས་ཀྱི་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
     ལི་ཀྲན་ཧྲུའུ་ཡིས་བསྟན་གནང་དོན། ས་རྒྱུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ནི་སྐབས་འདིའི་རྒྱུན་ལས་ཨུ་ལྷན་གྱིས་འགན་འཁྲི་སྒྲུབ་པའི་ལོ་དང་པོ་དེར་བཟོས་པའི་བཅའ་ཁྲིམས་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་ཁྲིམས་བསྟར་ཞིབ་བཤེར་ཐད་གཙོ་གནད་ལྔར་དམིགས་དགོས་པ་སྟེ། གཅིག་ནི་བཅའ་ཁྲིམས་ཀྱི་ནང་གསེས་དང་གཏན་འབེབས་གལ་ཆེན་དོན་འཁྱོལ་བྱས་ཚུལ་ཡིན་ཞིང་། ཞིང་སྤྱོད་ས་ཞིང་དང་འཛུགས་སྐྲུན་དུ་སྤྱོད་པའི་ས་ཆའི་སྦགས་བཙོག་བཅོས་སྐྱོང་ལ་གཙོ་གནད་དུ་དོ་ཁུར་བྱེད་པ་དང་། གཉིས་ནས་སྲིད་གཞུང་གི་ཁྲིམས་གཏན་འཁེལ་བའི་འགན་འཁྲི་དོན་འཁྱོལ་བྱས་ཚུལ་ཡིན་ཞིང་། རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་འགོ་ཁྲིད་ཀྱི་འགན་འཁྲི་དང་། ལྟ་འདོམས་ཀྱི་འགན་འཁྲི། ལས་དོན་གྱི་འགན་འཁྲི་བཅས་ལག་ལེན་ནན་པོ་བསྟར་རྒྱུར་སྐུལ་འདེད་གཏོང་བ། གསུམ་ནས་བཅའ་ཁྲིམས་ལག་བསྟར་གྱི་འགན་ལེན་དང་ལྟ་སྐུལ་བྱས་ཚུལ་ཡིན་ཞིང་། ནོར་སྲིད་དང་། ཁྲལ་བསྡུ། དངུལ་རྩ་སོགས་ཀྱི་འགན་ལེན་བྱེད་ཐབས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། བཞི་ནས་ཁྲིམས་འགལ་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་དང་ཆད་གཅོད་བྱས་ཚུལ་ཡིན་ཞིང་། འབྲེལ་ཡོད་ཐད་ལ་བཅའ་ཁྲིམས་ལག་བསྟར་ནན་པོ་བྱ་རྒྱུར་སྐུལ་ལྕག་བྱས་ནས་ཁྲིམས་ལག་བསྟར་བྱེད་སྐབས་ངེས་པར་དུ་གཟབ་ནན་བྱེད་དགོས་པ་དང་ཁྲིམས་དང་འགལ་ཚེ་ངེས་པར་དུ་རྩད་གཅོད་བྱེད་པ། ལྔ་ནས་ལེ་ལག་ཚང་བའི་གཏན་འབེབས་དང་ཚད་གཞི་བཟོ་ཚུལ་ཡིན་ཞིང་། འབྲེལ་ཡོད་སྡེ་ཚན་གྱིས་མགྱོགས་མྱུར་བཟོ་བ་དང་དུས་ཚོད་དམ་འཛིན་གྱིས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་རེད།

  
style="display:none;"