མི་དམངས་དྲ་བ།

༄༅༎རྒྱལ་ཡོངས་སྲིད་གྲོས་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས་ཆོས་ལུགས་ལས་རིགས་ཀྱི་བརྗོད་དོན་གཙོ་བོའི་གྲོས་མོལ་གྱི་
བཞུགས་མོལ་ཚོགས་འདུ་འཚོགས་པ། དབང་དབྱང་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་29ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན། རྒྱལ་ཡོངས་སྲིད་གྲོས་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས་ཆོས་ལུགས་ལས་རིགས་ཀྱི་བརྗོད་དོན་གཙོ་བོའི་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས“རང་རྒྱལ་གྱི་ཆོས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པར”དམིགས་ཏེ་བཞུགས་མོལ་སྤེལ་རེས་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། ཆོས་ལུགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་ནི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཡིན་ལ། དུས་བབ་གསར་པའི་འོག་གི་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩའི་གནད་དོན་ཞིག་ཀྱང་ཡིན། ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་སྐུ་ཡོན་མཐོ་བ། ཀུན་སྤྱོད་ཐད་དམངས་མགུ་ཐུབ་པ། འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པ་བཅས་ཀྱི་ཚད་གཞི་མཐའ་འཁྱོངས་བྱེད་པ་དང་། གནད་དོན་གྱི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ་བྱེད་པ། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ཚད་ལོན་པའི་རྒྱལ་གཅེས་ཆོས་ལུགས་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱེད་པ། ཆོས་ལུགས་ཁག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པར་ཤེས་ལྡན་མི་སྣའི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱེད་དགོས།
     ཚང་མས་གྲོས་འགོ་བཏོན་དོན། དུས་རབས་གསར་པའི་ཆོས་ལུགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ལས་དོན་ཡག་པོ་བསྒྲུབ་པར་ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་བ་དང་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་དེ་ཤེས་ལྡན་མི་སྣ་གསོ་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་ཆོས་ལུགས་ལས་རིགས་མི་སྣར་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཆོས་ལུགས་ལས་རིགས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་བྱས་ཏེ་ཆོས་ལུགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་སྲོལ་རྒྱུན་རྣམ་པ་ཁག་གི་ཕན་ཡོད་ཉམས་མྱོང་ཕྱོགས་སྡོམ་བྱེད་པའི་རྨང་གཞིའི་ཐོག་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཆོས་ལུགས་ཀྱི་སློབ་གླིང་དང་སློབ་གྲྭ་ཁག་ཡག་པོ་གཉེར་བ་དང་འབྲེལ་ཡོད་ཀྱི་འཆར་འགོད་དོན་འཁྱོལ་ནན་ཏན་བྱས་ནས་འདི་ཉིད་རྒྱལ་གཅེས་ཀྱི་ཆོས་ལུགས་རྗེས་གྲབས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ས་དང་། ཡང་དག་པའི་ཆོས་ལུགས་ཀྱི་བསྟན་དོན་འགྲེལ་བཤད་རྒྱག་ས། ད་ཡོད་ཀྱི་ཆོས་ལུགས་ལས་རིགས་མི་སྣ་གསོ་སྐྱོང་བྱེད་ས་བཅས་ཀྱི་རྟེན་གཞི་གལ་ཆེན་དུ་འགྱུར་བ་བྱེད་དགོས། སྤུས་ཚད་ལ་དོན་གཉེར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆོས་ལུགས་ཤེས་ལྡན་མི་སྣའི་རིམ་པ་དང་གྲུབ་ཆ་ལེགས་སུ་གཏོང་བ་དང་། ཆུ་ཚད་མཐོ་བའི་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་གསོ་སྐྱོང་བྱ་རྒྱུར་སྣང་ཆེན་བྱེད་པ། གཞི་རིམ་གྱི་ཆོས་ལུགས་ལས་དོན་མི་སྣ་གསོ་སྐྱོང་གི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་ཁོང་ཚོའི་དད་ལྡན་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རོགས་བཅས་བྱེད་དགོས། ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་རྒྱལ་དམངས་སློབ་གསོའི་ཐོན་ཁུངས་མུ་མཐུད་འཚོལ་ཞིབ་དང་སྤྱད་དེ་ཆོས་ལུགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ནས་རྒྱལ་ཁབ་ཀྱི་གནས་ཚུལ་དང་། བཅའ་ཁྲིམས། དུས་བབ་ཀྱི་སྲིད་ཇུས། དེང་རབས་ཀྱི་ཚན་རིག་སོགས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་དགོས། ཆོས་ལུགས་ལས་རིགས་ལ་ཕྱི་ཕྱོགས་དང་སྤེལ་རེས་བྱེད་པ་དང་ཆོས་ལུགས་དང་དད་པ་མི་འདྲ་བའི་དབར་སྐད་ཆ་ཤོད་རེས་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་ཆོས་ལུགས་ཤེས་ལྡན་མི་སྣའི་རྒྱལ་སྤྱིའི་མཐོང་རྒྱ་ཆེ་རུ་གཏོང་དགོས།

  
style="display:none;"