མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ཏེ་ཀྲུང་གོ་ཚན་རིག་ཁང་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་03ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་ཚན་རིག་ཁང་བཙུགས་ནས་ལོ་ངོ་70འཁོར་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ། ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཁང་ཡོངས་ཀྱི་ཚན་རྩལ་ལས་དོན་པ་དང་ལས་བྱེད་པ་དང་ལས་བཟོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
     ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། ལོ་ངོ་70ཡི་རིང་། ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོ་ཚན་རིག་ཁང་གིས་བློ་ཁོག་ཆེན་པོས་འཚོལ་ཞིབ་དང་། གསར་འབྱེད་གསར་གཏོད། ལག་བསྟར་བྱེད་ཕོད་པ་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་ཚན་རྩལ་གནད་དོན་གལ་ཆེན་མང་པོ་ཞིག་ཐག་གཅོད་དང་། འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འགག་རྩ་དང་ལྟེ་བའི་ལག་རྩལ་འབོར་ཆེན་ཞིག་ཚད་བརྒལ་བྱས་པར། རྩེར་སོན་གྱི་ཆུ་ཚད་ལྡན་པའི་གསར་གཏོད་གྲུབ་འབྲས་མང་པོ་ཞིག་ཐོབ་སྟེ། ཀྲུང་གོ་གསར་པའི་ཚན་རྩལ་གསར་གཏོད་ཀྱི་འོད་སྟོང་འཕྲོ་བའི་ལེའུ་བརྩམས་ཡོད། ཀྲུང་གོ་ཚན་རིག་ཁང་གི་ཚན་རིག་མཁས་ཅན་མི་རབས་འགས་དམ་པ་དོན་གཉེར་བྱེད་པ་དང་། རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་དམངས་ལ་ཞབས་འདེགས་ཞུ་བ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་ཀྱི་སྔོན་ཐོན་བྱས་རྗེས་ལས། རང་རྒྱལ་གྱི་རྒྱ་ཆེའི་ཤེས་ཡོན་ཅན་གྱི་རྒྱལ་གཅེས་བརྩེ་བ་དང་ཀུན་སྤྱོད་བཟང་པོ་གང་ལེགས་མཚོན་གྱི་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་དེང་གི་འཛམ་གླིང་དུ་གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་མཁན་གྱི་སྒུལ་ཤུགས་དང་པོ་དེ་རེད། ཀྲུང་གོ་ཚན་རིག་ཁང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་ལྷོད་མེད་བྱེད་པ། སྒྱུར་བཅོས་ཀྱི་མདུན་གྲལ་དུ་བསྐྱོད་ཕོད་པ། ཚན་རྩལ་གྱི་ཡང་རྩེར་འཛེགས་ཕོད་པ། གསར་གཏོད་ཀྱི་འབྱུང་རྩ་མགྱོགས་མྱུར་གཏོད་པ། འགག་རྩ་དང་ལྟེ་བའི་ལག་རྩལ་ཚད་བརྒལ་བྱེད་མགྱོགས་སུ་གཏོང་བ། ཚན་རྩལ་གྱི་མཐོ་ས་ཧུར་ཐག་བཟུང་བ་བཅས་བྱས་ནས་རང་རྒྱལ་འདི་ཉིད་འཛམ་གླིང་ཚན་རྩལ་གྱི་སྟོབས་ཆེའི་རྒྱལ་ཁབ་ཏུ་བསྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ་སྟེ། ཀྲུང་གོ་ཚན་རིག་ཁང་བཙུགས་ནས་ལོ་ངོ་70འཁོར་རིང་། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཕྱོགས་རྒྱུ་མཐའ་འཁྱོངས་བྱས་ཏེ་ཚན་རིག་དང་དཔུང་པ་མཉམ་གཤིབ་ངང་བསྐྱོད་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། ཤེས་ལྡན་པ་རབ་དང་རིམ་པ་ཐོན་ནས་རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
     ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། འབྱུང་འགྱུར་ཚན་རྩལ་འཕེལ་རྒྱས་ཀྱི་མདུན་ཕྱོགས་དང་རྒྱལ་ཁབ་ཀྱི་ཕུགས་འཕེར་དགོས་མཁོར་དམིགས་ཏེ་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་ཧུར་ཐག་གཏོང་བ་དང་། གསར་གཏོད་ཀྱི་ཁོར་ཡུག་བཟང་པོ་གཏོད་པ། ཆོས་ཉིད་ལ་བརྩི་འཇོག་དང་རྨང་གཞིའི་ཞིབ་འཇུག་གི་གཞི་རྩ་བརྟན་དུ་གཏོང་བ། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཚན་རིག་ལག་རྩལ་གྱི་ཞིབ་འཇུག་ཁྱབ་ཁོངས་ཀྱི་དེ་བས་མཐོ་བའི་ཡང་རྩེར་སླར་ཡང་འཛེགས་པ། འགག་རྩ་དང་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་ཐད་ཚད་བརྒལ་དེ་བས་མང་བ། ཕུལ་བྱུང་ཚན་རྩལ་པ་གསོ་སྐྱོང་བྱེད་པའི་ཐད་གྲུབ་འབྲས་དེ་བས་མང་བ་ཐོབ་པ་བཅས་བྱས་ནས་ཚན་རྩལ་གྱི་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།
     ཀྲུང་གོ་ཚན་རིག་ཁང་ནི་1949ལོའི་ཟླ་11ཚེས་1ཉིན་བཙུགས་པ་དང་། ལོ་ངོ་70ཡི་རིང་ཀྲུང་གོ་ཚན་རིག་ཁང་གིས“ཚན་རྩལ་གསར་གཏོད་དང་། རྒྱལ་ཁབ་ལ་ཞབས་ཞུ། མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ”བཅས་ལས་འགན་ལ་བརྩིས་པས། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ཚན་རྩལ་གྲུབ་འབྲས་ཁག་གཅིག་ཐོབ་སྟེ་རང་རྒྱལ་གྱི་ཚན་རྩལ་ཡར་ཐོན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། རྒྱལ་ཁབ་ཀྱི་བདེ་འཇགས་བཅས་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པ་རེད།

  
style="display:none;"