མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མིང་རྟགས་བཀོད་ནས་བཟོ་བཅོས་བརྒྱབ་རྗེས་ཀྱི《ཀྲུང་
ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག》
ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་01ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མིང་རྟགས་བཀོད་ནས་བཟོ་བཅོས་བརྒྱབ་རྗེས་ཀྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཞེས་བསྡུས་རྒྱུ)ཁྱབ་བསྒྲགས་བྱས་པ་དང་། 2019ལོའི་ཟླ་12ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་རེད། 《སྲོལ་ཡིག》ལ་ཁྱོན་བསྡོམས་ལེའུ་10དང་དོན་ཚན་86ཡོད།
     ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཟའ་བཅའི་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། 2015ལོར་གསར་དུ་བཟོ་བཅོས་བརྒྱབ་པའི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱས་པས་རང་རྒྱལ་གྱི་བཟའ་བཅའི་བདེ་འཇགས་ཀྱི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད་ལ་དུས་མཚུངས་བཟའ་བཅའི་བདེ་འཇགས་ལས་དོན་ལ་སྔར་བཞིན་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད་པ་དང་། ལྟ་སྐུལ་དོ་དམ་ཀྱི་ལག་ལེན་ཁྲོད་ཀྱི་ནུས་ལྡན་བྱ་ཐབས་ཁ་ཤས་ལའང་ཕྱོགས་སྡོམ་བྱེད་དགོས་པ་དང་། བཅའ་ཁྲིམས་ཀྱི་ཚད་གཞིར་མཐོ་རུ་གཏོང་དགོས། སྔར་ལས་ལྷག་པའི་ངང་གསར་དུ་བཟོ་བཅོས་བརྒྱབ་པའི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་ཞིབ་ཚགས་སུ་གཏོང་བ་དང་དོན་འཁྱོལ་བྱས་ནས། ལག་ལེན་ཁྲོད་སྔར་བཞིན་གནས་པའི་གནད་དོན་ཐག་གཅོད་བྱ་ཆེད། 《སྲོལ་ཡིག》ལ་བཟོ་བཅོས་རྒྱག་པ་ནི་དགོས་ངེས་ཤིག་རེད།
     《སྲོལ་ཡིག》གིས་བཟའ་བཅའི་བདེ་འཇགས་ལྟ་སྐུལ་དོ་དམ་ཤུགས་ཆེར་བཏང་ཡོད་ལ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་གཅིག་གྱུར་དབང་གྲགས་ལྡན་པའི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་འཛུགས་ནས་ལྟ་སྐུལ་དོ་དམ་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་ཡོད། སྐབས་བསྟུན་ལྟ་སྐུལ་ཞིབ་བཤེར་དང་ཡུལ་གཞན་དུ་ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་ལྟ་སྐུལ་དོ་དམ་བྱེད་ཐབས་ཁ་གསབ་གཏན་འབེབས་བྱས་ཡོད། ཐེར་འདོན་གོང་ཞུ་བྱེད་པར་བྱ་དགའ་སྤྲོད་པའི་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་ཆབས་གཅིག་ཁྲིམས་འགལ་ངང་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཁན་མིང་ཐོ་ནག་པོའི་ནང་བཀོད་པའི་ལམ་ལུགས་དང་ཁ་དན་ཚིག་ལ་མི་གནས་པའི་མིར་མཉམ་འབྲེལ་ཆད་བཅད་བསླབ་འདོམས་བྱེད་པའི་སྒྲིག་སྲོལ་བཙུགས་ཡོད།
     《སྲོལ་ཡིག》གིས་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁར་ལྟ་སྐུལ་ཚད་ལེན་དང་བཟའ་བཅའི་བདེ་འཇགས་ཚད་གཞི་སོགས་ཀྱི་རྨང་གཞིའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ཡོད། བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁའི་ལྟ་སྐུལ་ཚད་ལེན་འབྲས་བུ་སྤྱོད་རྒྱུ་ཤུགས་ཆེར་བཏང་བ་དང་། བཟའ་བཅའི་བདེ་འཇགས་ཀྱི་ས་གནས་ཀྱི་ཚད་གཞི་ཚད་དང་ལྡན་པ་བཟོས་ཡོད། ཁེ་ལས་ཀྱི་ཚད་གཞིའི་ཐོ་འགོད་སྙན་སེང་ཁྱབ་ཁོངས་གསལ་པོ་བཟོས་ནས་བཟའ་བཅའི་བདེ་འཇགས་ལས་དོན་གྱི་ཚན་རིག་རང་བཞིན་ཏན་ཏིག་ངང་མཐོ་རུ་བཏང་ཡོད།
     《སྲོལ་ཡིག》གིས་སྔར་ལས་ལྷག་པའི་ངང་གཉེར་སྐྱོང་བྱེད་མཁན་གྱི་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཡོད་པ་དང་། ཁེ་ལས་ཀྱི་འགན་འཁུར་བ་གཙོ་བོའི་འགན་འཁྲི་ཞིབ་ཕྲ་རུ་བཏང་ཡོད། བཟའ་བཅའ་ཉར་འཇོག་དང་སྐྱེལ་འདྲེན་ཚད་དང་མཐུན་པ་དང་། བཟའ་བཅའི་དྲིལ་བསྒྲགས་རྫུན་མ་བྱ་རྒྱུ་གཏན་འགོག་བྱས་ཡོད་པ་དང་འབྲེལ་དམིགས་བསལ་བཟའ་བཅའི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ཡོད།
     《སྲོལ་ཡིག》གིས་བཟའ་བཅའི་བདེ་འཇགས་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཀྱི་བཅའ་ཁྲིམས་འགན་འཁྲི་འཐུས་ཚང་དུ་བཏང་ཡོད་པ་དང་། རྐང་བཙུགས་ནས་ཁྲིམས་འགལ་བྱེད་སྤྱོད་ལག་བསྟར་བྱས་པ་སོགས་ཀྱི་གནས་ཚུལ་ཡོད་པའི་སྡེ་ཚན་གྱི་ཁྲིམས་བཀོད་འཐུས་ཚབ་པ་དང་། འགན་ཁུར་བ་གཙོ་བོ། ཐད་ཀའི་འགན་འཁུར་གཙོ་གཉེར་མི་སྣ་དང་ཐད་ཀའི་འགན་ཡོད་པའི་མི་སྣ་གཞན་དག་ལ་དངུལ་ཆད་གཅོད་པ་མ་ཟད་གསར་སྣོན་བྱས་པའི་འོས་འགན་རང་བཞིན་གྱི་གཏན་འབེབས་ལ་བབ་མཚུངས་ཀྱི་བཅའ་ཁྲིམས་ཀྱི་འགན་འཁྲི་ནན་པོ་བཟོ་ཡོད།

  
style="display:none;"