མི་དམངས་དྲ་བ།

༄༅༎ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་ནས། འཛམ་གླིང་
དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པར་ཞུགས་མཁན་ལུས་རྩལ་པ་དང་
རྩལ་འཁྲིད་པར་གཟེངས་བསྟོད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་31ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་ནས་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པར་ཞུགས་མཁན་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ལུས་རྩལ་འཐུས་མི་ཚོགས་པའི་ལུས་རྩལ་པ་དང་རྩལ་འཁྲིད་པར་གཟེངས་བསྟོད་གནང་བ་རེད།
     གཟེངས་བསྟོད་བཀའ་རྒྱའི་ནང་མིག་ལྡན་ཀུན་གྱིས་དོ་སྣང་བྱེད་པའི་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པར་ལུས་རྩལ་པ་དང་རྩལ་འཁྲིད་པ་ཚོས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་ཚོའི་ཚབ་བྱས་ཏེ་འགྲན་རར་ཞུགས་པ་དང་རྩེ་མོར་འཛེགས་ཕོད་པ། མཛའ་གྲོགས་བརྒྱུད་སྤྲོད། ཞི་བདེ་མཉམ་བསྐྲུན་བཅས་བྱས་པས། ལུས་རྩལ་གྱི་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གཉིས་ཀར་གཡུར་ཟའི་གྲུབ་འབྲས་ཐོབ་སྟེ། མེས་རྒྱལ་དང་མི་དམངས་ལ་གཟི་བརྗིད་མཚན་སྙན་ཐོབ་པ་དང་རྒྱལ་དར་ལ་འོད་སྣང་སྦྱིན་པ་མ་ཟད། དམག་དར་ལའང་གཟི་བརྗིད་བསྣན་ཡོད། ཁྱེད་ཚོའི་དཔའ་ངར་ཞུམ་མེད་ཀྱི་རྣམ་འགྱུར་ལས། རང་རེའི་དམག་གི་ལུས་རྩལ་དཔུང་ཁག་ནི་ཏང་གི་བཀོད་འདོམས་ལ་ཉན་མཁན་དང་། འཐབ་ན་རྒྱལ་ཐུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་ཉམས་སད་ཐེག་པའི་དཔུང་ཁག་གཅིག་ཡིན་པ་གཅིག་སྡུད་ཐོག་མངོན་ཡོད་ལ། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་རྣམ་པ་གསར་པ་དང་། འགྱུར་ལྡོག་གསར་པ། ཉམས་འགྱུར་གསར་པ་བཅས་གང་ལེགས་མངོན་པར་བྱས་པ་མ་ཟད། རྒྱལ་གཅེས་ཀྱི་སྤྲོ་སེམས་འཕེལ་བ་དང་། དམག་སེམས་ཀྱི་འཐབ་སེམས་ལ་སྐུལ་ལྕག་ཐེབས་པ། སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བཅས་བྱུང་སྟེ་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་ཀྱི་ཡིད་ཆེས་དང་སེམས་ཤུགས་དེ་བས་བརྟན་དུ་ཕྱིན་ཡོད་ཅེས་བསྟན་ཡོད།
     གཟེངས་བསྟོད་བཀའ་རྒྱའི་ནང་ཀྲུང་གོའི་རུ་ཁག་གིས་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་རའི་འགྲན་བསྡུར་གྱི་གྲུབ་འབྲས་ཐད་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་མངོན་འགྱུར་བྱུང་བ་དེ་ནི། བཅིངས་འགྲོལ་དམག་གི་ལུས་རྩལ་འཐུས་མི་ཚོགས་པས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་མཛུབ་སྟོན་ལག་བསྟར་མཐའ་གཅིག་ཏུ་བྱས་ནས། འགན་འཁྲི་ལྕི་པོ་བློ་ལ་བརྟན་པོར་འཆང་བ་དང་། དམག་སྦྱོང་དམག་གྲབས་ཧུར་ཐག མཉམ་དུ་འབད་འབུངས་འབད་འཐབ་བཅས་བྱས་པའི་འབྲས་བུ་ཞིག་རེད། འགྲན་བསྡུར་ནང་ཞུགས་མཁན་ལུས་རྩལ་པ་དང་རྩལ་འཁྲིད་པ་ཚོས་ཚད་ལས་འདས་པའི་དཀའ་ངལ་ལ་འཛིང་ཕོད་པ་དང་། ཕུལ་བྱུང་གྲུབ་འབྲས་བརྩོན་ལེན། སྙིང་རུས་ཆེན་པོས་སྦྱོང་བརྡར། རང་ངོས་ལས་རྣམ་པར་རྒྱལ་བ་བཅས་བྱས་ཏེ“འགྲན་གཉེར་གྱི་ཆུ་ཚད་རྩེ་གྲ་དང་འགྲན་ཞུགས་ཀྱི་གྲུབ་འབྲས་རྩེ་གྲའི”དམིགས་ཚད་མངོན་འགྱུར་བྱ་ཆེད། ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། འགྲན་བསྡུར་ནང་ཁྱེད་ཚོས། ཏང་གི་བཀོད་འདོམས་ལ་ཉན་པ་དང་ལྷག་བསམ་རྣམ་དག་གི་ཆབ་སྲིད་ཀྱི་སྤྱོད་བཟང་དང་། མེས་རྒྱལ་གོང་བཀུར་དང་འོས་འགན་ཆུད་ཟོས་སུ་མི་གཏོང་བའི་འགན་འཁྲི་འཁུར་སེམས། འགྲན་པ་སྟོབས་ཆེན་ལ་གཉའ་མི་སྒུར་བ་དང་འགྲན་ཕོད་པའི་འབད་འབུངས་ཀྱི་སྙིང་སྟོབས། གཟི་བརྗིད་མཚན་སྙན་གོང་དུ་བཀུར་བ་དང་ཞི་བདེ་སྲུང་སྐྱོང་གི་རིན་ཐང་དོན་གཉེར། ཕ་རོལ་པོར་བརྩི་འཇོག་དང་སྒྲིག་སྲོལ་ལ་བརྩི་འཇོག་བྱེད་པའི་འགྲན་རྩལ་གྱི་ཉམས་འགྱུར་བཅས་མངོན་པར་བྱས་པ་མ་ཟད། གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པའི་རང་རེའི་དམག་དཔུང་གི་དམག་འཐབ་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཟིལ་རྔམས་ལྡན་པའི་དཔུང་སྡེ་དང་། ཡ་རབས་ཚུལ་ལྡན་གྱི་དཔུང་སྡེ། རྒྱལ་ཁ་ལེན་ཐུབ་པའི་དཔུང་སྡེ་བཅས་ཀྱི་གཟུགས་བརྙན་བཟང་པོ་མངོན་ཏེ་དུས་རབས་གསར་པའི་གསར་བརྗེའི་དམག་མིའི་མིག་དཔེ་བཟང་པོ་བཏོད་ཡོད་ཅེས་བསྟན་ཡོད།
     གཟེངས་བསྟོད་བཀའ་རྒྱའི་ནང་ལུས་རྩལ་པ་དང་རྩལ་ཁྲིད་པ་ཡོངས་ཀྱིས་གཟི་བརྗིད་མཚན་སྙན་ལ་གཅེས་འཛིན་དང་། ང་རྒྱལ་དང་འཚབ་འཚུབ་མི་བྱེད་པ། ཡང་འབད་བསྐྱར་འབད་བཅས་བྱས་ཏེ་སླར་ཡང་འོད་སྟོང་འཕྲོ་བའི་གྲུབ་འབྲས་གཏོད་དགོས། དམག་ཡོངས་ཀྱི་དཔུང་སྡེ་དང་རྒྱ་ཆེའི་དཔོན་དམག་ཚོས་འཛམ་གླིང་དམག་མིའི་ལུས་རྩལ་འགྲན་ཚོགས་སྐབས་བདུན་པར་ཞུགས་མཁན་ལུས་རྩལ་པ་དང་རྩལ་ཁྲིད་པར་སློབ་སྦྱོང་བྱས་ཏེ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་དམག་འཐབ་ཀྱི་བློ་སྟོབས་ཆེ་རུ་གཏོང་བ་དང་རྒྱལ་ཁ་ལེན་པའི་འཇོན་ཐང་ལ་ཞུན་བརྡར་བྱེད་དགོས། རིམ་པ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ། དམག་དཔུང་སྟོབས་ཆེར་གཏོང་བའི་ཞི་ཅིན་ཕིང་གི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་མཛད་ཕྱོགས་ལག་བསྟར་གཏིང་ཟབ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་བསྟར། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་དར་རྒྱས་གཏོང་བ། ཁྲིམས་བཞིན་དམག་དཔུང་བཅོས་སྒྲིག་བཅས་མཐའ་འཁྱོངས། དམག་གྲབས་དམག་རྒྱག་གི་སྟོབས་ཤུགས་གཅིག་སྒྲིལ། སྒྱུར་བཅོས་གསར་གཏོད་ལ་ཤུགས་སྣོན། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་དུས་རབས་གསར་པར་ཏང་གིས་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་དང་མི་དམངས་དམག་དཔུང་ཕྱོགས་ཡོངས་ནས་འཛམ་གླིང་གི་དམག་དཔུང་རྩེ་གྲར་སྐྲུན་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་འབོད་སྐུལ་གནང་བ་རེད། 

  
style="display:none;"