མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་2019ལོའི་འཛམ་གླིང་ཁོར་ཡུག་ཉིན་མོའི་གོ་ལ་ཧྲིལ་པོའི་ཚོགས་ར་གཙོ་བོའི་བྱེད་སྒོར་
རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་06ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། 2019ལོའི་འཛམ་གླིང་ཁོར་ཡུག་ཉིན་མོའི་གོ་ལ་ཧྲིལ་པོའི་ཚོགས་ར་གཙོ་བོའི་བྱེད་སྒོ་ཚེས་5ཉིན་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དུ་སྤེལ་བ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
     ཞི་ཅིན་ཕིང་གིས་མིའི་རིགས་ལ་སའི་གོ་ལ་གཅིག་མ་གཏོགས་མེད་པས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་ཁབ་ཁག་གི་ཐུན་མོང་གི་འགན་འཁྲི་ཞིག་རེད། མིག་སྔར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་ཧུར་ཐག་བྱེད་བཞིན་ཡོད་ལ། དུས་མཚུངས་རྒྱལ་ཁབ་ཁག་ལ་ཁོར་ཡུག་སྦགས་བཙོག་དང་། གནམ་གཤིས་འགྱུར་ལྡོག སྐྱེ་དངོས་སྣ་མང་རང་བཞིན་ཉུང་དུ་འགྲོ་བ་སོགས་ཀྱི་འགྲན་སློང་དྲག་པོ་འཕྲད་ཡོད་པ་རེད། གོ་ལ་ཧྲིལ་པོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་པར་རྒྱལ་ཁབ་ཁག་གིས་སེམས་ཤུགས་གཅིག་སྒྲིལ་གྱིས་ལྗང་མདོག་དང་། ཐཱན་ཉུང་། རྒྱུན་མཐུད་འཕེལ་རྒྱས་བཅས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཞེས་མཛུབ་སྟོན་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་གལ་ཆེན་མཐའ་འཁྱོངས་བྱེད་པ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་རྒྱུ་དར་སྤེལ་བཏང་ནས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱིའི་བཀོད་སྒྲིག་ནང་བཅུག་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ཧུར་ཐག་བྱས་པར་ཡར་རྒྱས་མངོན་གསལ་དོད་པོ་བྱུང་ཡོད། འབྱུང་འགྱུར་ལ་ཁ་ཕྱོགས་ན། ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ཡིན་ལ། སྣོད་བཅུད་ཤེས་དཔལ་གྱི་རྨང་གཞི་འདིང་རྒྱུ་ཡིན་པ་དང་། 2030ལོའི་གྲོས་རིམ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་མིའི་རིགས་འཚོ་གནས་བྱེད་སའི་ཁྱིམ་གཞིས་སའི་གོ་ལར་སྲུང་སྐྱོང་ཡག་པོ་བྱས་ཏེ། མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

  
style="display:none;"