འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཇོ་མོ་གླང་མའི་ལྷོ་འདབས་སུ་གཙང་སྦྲ་ཆེན་པོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་19ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། འཛམ་གླིང་གི་ཡང་རྩེ་རི་བོ་ཇོ་མོ་གླང་མའི་ལྷོ་འདབས་སུ། བལ་ཡུལ་གཞོགས་ཀྱི་རི་འཛེག་ལམ་ཐིག་ཏུ་ཡུལ་སྐོར་བ་དང་རེ་འཛེག་པས་གཡུགས་པའི་གད་སྙིགས་གཙང་སྦྲ་ཆེན་པོ་བྱེད་བཞིན་ཡོད་ལ། ཚོད་དཔག་བྱས་ན། གད་སྙིགས་ཏུན་100ལྷག་ཙམ་གནམ་གྲུ་ནས་ཕྱིར་སྐྱེལ་བྱ་དགོས་པ་རེད།
         ཟླ་3ཚེས་17ཉིན། དབྱིན་ཇིའི་རླུང་འཕྲིན་ཀུང་སི་ཡིས་གནས་འཕྲིན་སྤེལ་བ་ལྟར་ན། གཙང་སྦྲ་བྱེད་པའི་ཉིན་དང་པོ་ལ། གད་སྙིགས་སྤྱི་རྒྱ་1200ཙམ་རི་འཛེག་སྒར་ས་ཆེ་མོ་དང་ཐག་ཉེ་བའི་ལུ་ཁ་ལའི་གནམ་གྲུ་འབབ་ཐང་ནས་བལ་ཡུལ་གྱི་རྒྱལ་ས་ཀ་ཏ་མན་རྡུར་གནམ་གྲུ་ཡིས་སྐྱེལ་ཡོད་ལ། དེ་ནས་རྗེས་མཐུད་ཀྱི་གཙང་བཟོ་བྱ་རྒྱུ་རེད།
         ཡུལ་སྐོར་བ་དང་རི་འཛེག་པ་མང་དུ་སོང་བ་དང་བསྟུན་ནས། རི་འཛེག་གད་སྙིགས་ཀྱིས་ཇོ་མོ་གླང་མའི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་ཡོད་པ་རེད། དེ་སྔོན་ཇོ་མོ་གླང་མའི་ལྷོ་འདབས་ཀྱི་གད་སྙིགས་གཙོ་བོ་ཡུལ་དེ་གའི་ཤར་པའི་སྣེ་ཤན་པས་གཙང་སེལ་བྱས་པ་དང་། ད་ཆ"ས་ཅ་མ་ཐ་སྦགས་བཙོག་ཚོད་འཛིན་ཨུ་ཡོན་ལྷན་ཁང"གིས་མཐུན་སྦྱོར་འགན་ཁུར་བྱེད་བཞིན་ཡོད། རི་འཛེག་མཁན་ཚོས་གཏན་འབེབས་ལྟར་རང་ཉིད་ཀྱིས་འབག་བཙོག་བཟོས་པའི་གད་སྙིགས་ཡོངས་རྫོགས་འཁྱེར་ཡང་། ཤར་པའི་སྣེ་ཤན་པས་ལོ་རེར་ཇོ་མོ་གླང་མའི་ལྷོ་འདབས་ནས་གད་སྙིགས་སྤྱི་རྒྱ་100ལྷག་གཙང་སེལ་བྱེད་ཀྱི་ཡོདཔ་རེད།
         ས་ཅ་མ་ཐ་སྦགས་བཙོག་ཚོད་འཛིན་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་གྲངས་གཞི་ལས་མངོན་པར། ན་ནིང་ཇོ་མོ་གླང་མའི་རི་འཛེག་སྒར་ས་ཆེ་མོའི་ཉེ་འགྲམ་ཁུལ་དུ་ཕེབས་མཁན་མི་གྲངས་ཁྲི་10ལས་བརྒལ་བ་དང་། དེའི་ནང་ནས་མི་ཁྲི་4ནི་རི་འཛེག་པ་དང་རྐང་ཐང་མར་སྐྱོད་མཁན་ཡིན་ལ། ཕེབས་མཁན་མང་པོས་ཤུལ་དུ་ལུས་པའི་སྐྱེ་དངོས་གད་སྙིགས་ཀྱིས་ཇོ་མོ་གླང་མའི་ཁོར་ཡུག་ལ་གནོད་འཚེ་ཐེབས་བཞིན་ཡོད། 2015ལོར་བལ་ཡུལ་རི་འཛེག་མཐུན་ཚོགས་ཀྱིས་རི་འཛེག་མཁན་ཚོའི་ཤུལ་དུ་ལུས་པའི་གཅིན་སྐྱག་ལས་བདེ་ཐང་ལ་མངོན་མེད་ཉེན་ཁ་བཟོས་ཡོད་ཚུལ་གྱི་ཐ་ཚིག་བསྒྲགས་རེད། དེར་བརྟེན། ས་ཅ་མ་ཐ་སྦགས་བཙོག་ཚོད་འཛིན་ཨུ་ཡོན་ལྷན་ཁང་གིས་རེ་འཛེག་སྒར་ས་གཙོ་གྲས་ཀྱི་ཉེ་འཁོར་དུ་སྤོ་རུང་གསང་སྤྱོད་ཁང་བཀོད་སྒྲིག་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།