མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་སྨྱན་སྦྱོར་གཙོ་འཛིན་དབུ་ཚོགས་ཀྱི་འགོ་ཚུགས་
མཛད་སྒོར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་25ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     མི་དམངས་དྲ་བའི་འཕྲིན། སན་ཐེ་ཡ་ཀོ་ནས་ཟླ་11ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་གྲོང་ཁྱེར་སན་ཐེ་ཡ་ཀོའི་མཉམ་འབྲེལ་རྒྱལ་ཚོགས་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་དཔལ་འབྱོར་ཨུ་ལྷན་སྤྱི་ཁྱབ་པུའུ་རུ་ཀྲུང་ལའི་སྨྱན་སྦྱོར་གཙོ་འཛིན་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་རེད། ཆི་ལིའི་ཙུང་ཐུང་པ་ཆེ་ལའེ་ཐེ་ལྷན་དུ་ཕེབས་པ་རེད།
     ཞིས་ཅིན་ཕིང་དེ་གར་ཕེབས་འབྱོར་སྐབས། པ་ཆེ་ལའེ་ཐེ་དང་མཉམ་འབྲེལ་རྒྱལ་ཚོགས་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་དཔལ་འབྱོར་ཨུ་ལྷན་གྱི་ལག་བསྟར་དྲུང་ཡིག་པར་སེར་ན་སོགས་ཀྱིས་སྤྲོ་སེམས་འཁོལ་བའི་བསུ་བ་ཞུས་ཤིང་། པར་སེར་ན་ཡིས་ཞིས་ཅིན་ཕིང་མཉམ་འབྲེལ་རྒྱལ་ཚོགས་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་དཔལ་འབྱོར་ཨུ་ལྷན་དུ་འཚམས་འདྲིར་ཕེབས་པ་མ་ཟད། ཀྲུང་ལའི་སྨྱན་སྦྱོར་གཙོ་འཛིན་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པར་ཡང་དགའ་བསུ་ཞུས་པ་རེད།
     སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཞིས་ཅིན་ཕིང་གིས་འགོ་བརྗོད་དུ་《ཀྲུང་ལའི་སྨྱན་སྦྱོར་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་དགོས་》ཞེས་པའི་ཤིས་ཚིག་བསྒྲོན་པ་རེད།
     ཞིས་ཅིན་ཕིང་གིས། ཀྲུང་ལའི་སྨྱན་སྦྱོར་གཙོ་འཛིན་དབུ་ཚོགས་སྐབས་དང་པོ་དངོས་སུ་གཉེར་བ་དེ་ནི་ཀྲུང་ལའི་སྨྱན་སྦྱོར་འགྲོ་འོང་ལོ་རྒྱུས་ཐོག་གི་གསར་གཏོད་ཅིག་རེད་ལ་དོན་ཆེན་ཞིག་ཀྱང་རེད། “སེམས་པ་མཐུན་ན་གནས་ས་མི་གཅིག་ཀྱང་བསམ་ཤེས་ཐུབ་པ་དང་། ཁ་ཕྱོགས་གཅིག་ན་མཉམ་བགྲོད་མིན་ཡང་མཛའ་གཅུགས་ཟབ”སྨྱན་སྦྱོར་སྤེལ་རེས་ནི་ཀྲུང་ལའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་ལའི་སྨྱན་སྦྱོར་གྱིས་ཀྲུང་ལའི་མི་དམངས་དབར་གྱི་མཛའ་གྲོགས་སྲུང་འཛིན་དང་འཕེལ་རྒྱས་གཏོང་རྒྱུའི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་ནན་བཤད་གནང་བ་རེད།
     ཞིས་ཅིན་ཕིང་གིས་ཀྲུང་ལའི་སྨྱན་སྦྱོར་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་འདོད་ཚུལ་གསུམ་བཏོན་གནང་བ་སྟེ། གཅིག་ནི་ཕན་ཚུན་རོགས་རམ་བྱས་ནས་ཀྲུང་ལའི་སྨྱན་སྦྱོར་གྱི་ཤུགས་རྐྱེན་ཐེབས་ཤུགས་མཉམ་དུ་ཆེ་རུ་བཏང་སྟེ་འཛམ་གླིང་ལ་དེ་བས་བཅོས་མིན་དང་མངོན་གསལ་དོད་པའི་ཀྲུང་གོ་དང་ལ་ཏིང་མེ་གླིང་ཞིག་བསྟན་ཐོག་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་སོགས་ཀྱི་གནད་དོན་གལ་ཆེན་ཐད་ཐུན་མོང་ཐོག་བསམ་ཚུལ་ཤོད་དགོས་པ་དང་། གཉིས་ནི་དད་སེམས་བརྟན་དུ་བཏང་ནས་ཐུན་མོང་ཐོག་ཀྲུང་ལའི་དངོས་སྒྲུབ་མཉམ་ལས་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་སྤྲོ་སེམས་དང་ཡིད་ཆེས་ཆེ་རུ་བཏང་ཐོག་གསར་གཏོད་བསམ་པས་ཕྱུག་པའི་མཉམ་ལས་བྱ་ཐབས་ཁྱབ་གདལ་གཏོང་དགོས་པ། གསུམ་ནི་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་ནས་ཀྲུང་ལའི་སྨྱན་སྦྱོར་སྤེལ་རེས་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་རེད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ལའི་གསར་འགྱུར་སྤེལ་རེས་ལྟེ་གནས་བསྐྲུན་ནས་ལ་ཏིང་མེ་གླིང་གི་སྨྱན་སྦྱོར་གསར་འགོད་པ་ཁག་ཅིག་ཀྲུང་གོར་ལས་ཀ་དང་སློབ་སྦྱོང་བྱེད་པར་གདན་དྲངས་རྒྱུ་དང་ཆབས་ཅིག་མ་འོངས་ལོ་5ཡི་ནང་ཀྲུང་གོ་ཕྱོགས་ཀྱིས་ད་དུང་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ལ་སྨྱན་སྦྱོར་ལས་དོན་པ་500གསོ་སྦྱོང་བྱས་ཏེ་ཕྱོགས་གཉིས་པོའི་སྨྱན་སྦྱོར་བྱ་གཞག་ཐུན་མོང་ཐོག་དར་རྒྱས་གཏོང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་བ་རེད།