མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་ཆི་ལིའི་ཙུང་ཐུང་པ་ཆེ་ལའེ་ཐེ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་25ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞིས་ཅིན་ཕིང་གིས་ཆི་ལིའི་ཙུང་ཐུང་པ་ཆེ་ལའེ་ཐེ་དང་གྲོས་མོལ་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་22ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཆི་ལིའི་གྲོང་ཁྱེར་སན་ཐེ་ཡ་ཀོར་ཆི་ལིའི་ཙུང་ཐུང་པ་ཆེ་ལའེ་ཐེ་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་ཞིས་ཅིན་ཕིང་པ་ཆེ་ལའེ་ཐེས་རྩ་ཁྲིམས་ཐང་ཆེན་ཐོག་གཉེར་བའི་དགའ་བསུའི་མཛད་སྒོ་གཟབ་རྒྱས་ལ་ཕེབས་པའི་གནས་ཚུལ་ཡིན་པ།
         ཐེ་ཡ་ཀོ་ནས་ཟླ་11ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་གྲོང་ཁྱེར་སན་ཐེ་ཡ་ཀོར་ཆི་ལིའི་ཙུང་ཐུང་པ་ཆེ་ལའེ་ཐེ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཆི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ལ་གདེང་འཇོག་ཧུར་ཐག་གནང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ངེས་གནས་དེ་ཀྲུང་ཆིའི་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱས་ནས་ཀྲུང་ཆི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུར་གཅིག་གྱུར་གཏན་འཁེལ་གནང་བ་རེད།
         ཞིས་ཅིན་ཕིང་གིས། ལ་ཏིང་མེ་གླིང་ལ“གྲོགས་པོ་དངོས་གནས་ཡིན་ཕྱིན་འཛམ་གླིང་གི་ཕྱོགས་གཞན་ཞིག་ཀྱང་ཁྲོད་ཀྱི་སེམས་རྟོགས་ཐུབ”ཅེས་པའི་གཏམ་དཔེ་ཞིག་ཡོད། ཀྲུང་གོ་དང་ཆི་ལི་གཉིས་ཀྱང་དེ་འདྲ་བའི་གྲོགས་པོ་ཡག་པོ་ཞིག་རེད། རྒྱལ་ཁབ་གཉིས་པོའི་དབར་བར་ཐག་ལེ་དབར་ཁྲི་ཕྲག་ཆོད་མོད། འོན་ཀྱང་ཕྱོགས་གཉིས་པོའི་སེམས་པ་གཅིག་ཏུ་མཐུན་ནས་ཀྲུང་ལའི་འབྲེལ་བའི་ལོ་རྒྱུས་ཐོག“ཨང་དང་པོ”མང་པོ་བཏོད་ཡོད། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་། དཔལ་འབྱོར་ཐད་གཉིས་ཕན་གཉིས་ཁེ། ཕྱོགས་མང་རོགས་ལས་ཐད་འབྲེལ་གཏུག་བཅས་བྱས་པས་ཀྲུང་ཆི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གནད་སྨིན་བརྟན་ལྷིང་གི་དུས་མཚམས་གསར་པ་ཞིག་ཏུ་སླེབས་ཡོད། ཀྲུང་ཆི་རྒྱལ་ཁབ་གཉིས་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས་ཚང་མས་སྒྱུར་བཅོས་གཏིང་ཟབ་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་བཞིན་ཡོད། ཀྲུང་ཆི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འགོ་འཛུགས་ས་གསར་པའི་ཐོག་ང་ཚོས་ཡར་རྒྱས་བརྩོན་ལེན་བྱས་ཏེ་ཀྲུང་ཆི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མུ་མཐུད་ཀྲུང་ལའི་འབྲེལ་བའི་མདུན་གྲལ་དུ་སླེབས་པ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
         ཞིས་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་ཆི་ལི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས་རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་འཐུས་སྒོ་ཚང་དུ་གཏོང་བ་དང་། མ་འཇོག་མཉམ་ལས་རྒྱ་ཆེར་གཏོང་བ། ཚན་རྩལ་གསར་གཏོད་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་བ། འཐབ་ཇུས་རོགས་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་འདོད་ཡོད། ཀྲུང་གོའི་ཁེ་ལས་ཆི་ལིའི་རྨང་གཞིའི་སྒྲིག་བཀོད་དང་ནུས་རྒྱུ་གཙང་མ་སོགས་ཀྱི་ཁྱབ་ཁོངས་འཛུགས་སྐྲུན་ནང་ཞུགས་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་ཡིན། རྒྱལ་ཁབ་གཉིས་པོའི་ཡུལ་སྐོར་མཉམ་ལས་རྒྱ་ཆེར་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཟབ་ཏུ་གཏོང་རྒྱུར་ཕན་པ་ཡོད། ཀྲུང་ཆི་ཕྱོགས་གཉིས་པོས་ཕྱོགས་མང་སྒྲིག་གཞིའི་ནང་གི་འབྲེལ་མཐུད་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་གནང་བ་རེད།
         པ་ཆེ་ལའེ་ཐེས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཆི་ལིར་འཚམས་འདྲི་གནང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ད་ཐེངས་འཚམས་འདྲི་གནང་བ་དེས་ཆི་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་ཕྱིན་ནས་ཕྱོགས་གཉིས་པོའི་ཆབ་སྲིད་གླེང་མོལ་དང་ཚོང་དོན་འབྲེལ་བ་ཟབ་ཏུ་འགྲོ་རྒྱུ་རེད། ཆི་ལི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་དེ་གོ་སྐབས་སུ་བཟུང་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་ཁག་དབར་མཉམ་ལས་ཟབ་ཏུ་གཏོང་བ་དང་འབྲེལ་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་རྒྱ་ཆེར་གཏོང་འདོད་ཡོད། ཆི་ཀྲུང་རྒྱལ་ཁབ་གཉིས་པོའི་རང་མོས་ཉོ་ཚོང་གི་གྲོས་མཐུན་རིམ་སྤོར་བྱ་རྒྱུ་དེས་ཕྱོགས་གཉིས་པོའི་ཚོང་དོན་མཉམ་ལས་རྒྱ་ཆེར་འགྲོ་རྒྱུ་རེད། ཀྲུང་གོའི་ཁེ་ལས་ཀྱིས་ཆི་ལིར་མ་འཇོག་བྱ་ཤུགས་ཆེ་རུ་གཏོང་རྒྱུར་ཆི་ལིས་དགའ་བསུ་ཞུ་རྒྱུ་ཡིན་ལ་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་ནང་གང་མགྱོགས་ཞུགས་འདོད་ཡོད། ཆི་ལི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་དང་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཆི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱས་ནས་ཀྲུང་ཆི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལེའུ་གསར་པ་བརྩམས་ཏེ་རྒྱལ་ཁབ་གཉིས་པོའི་གཉིས་ཕན་མཛའ་གྲོགས་མཉམ་ལས་ཀྱི་ཕུགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཐོག་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་ངང་བདེ་སྐྱིད་བསྐྲུན་རྒྱུར་གཅིག་གྱུར་གཏན་འཁེལ་གནང་བ་རེད།
         ཕྱོགས་གཉིས་པོས་མཐོ་རིམ་དབར་གྱི་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་སྡེ་ཚན་དང་། ཁྲིམས་འཛུགས་ལས་ཁུངས། སྲིད་ཏང་། ས་གནས་སོགས་ཀྱི་ཁྱབ་ཁོངས་ཁག་དང་རིམ་པ་ཁག་དབར་སྤེལ་རེས་ཇེ་ཟབ་ཏུ་བཏང་ནས་ཕར་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུ་རང་བརྟེན་ངང་འདེམས་རྒྱུར་རྒྱབ་སྐྱོར་བྱས་ནས་མུ་མཐུད་ཕྱོགས་གཉིས་པོའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་རོགས་སྐྱོར་བྱེད་རྒྱུའི་མོས་མཐུན་གནང་བ་རེད།
         ཕྱོགས་གཉིས་པོས་2015ལོར་མིང་རྟགས་བཀོད་པའི་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཆི་ལི་སྤྱི་མཐུན་རྒྱལ་ཁབ་གཉིས་པོའི་ཐུན་མོང་བྱ་སྤྱོད་ཀྱི་འཆར་གཞིའི་》ནང་འཁོད་པའི་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ནང་ཡུན་རིང་སྤེལ་རེས་མཉམ་ལས་བྱེད་པའི་མཛུབ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་ཕྱོགས་གཉིས་པོའི་མཉམ་ལས་ལམ་སྲོལ་ནུས་ལྡན་ངང་སྤྱད་ནས་གང་མགྱོགས་རང་མོས་ཉོ་ཚོང་གི་གྲོས་མཐུན་དེ་གྲོས་མོལ་དུ་རིམ་སྤོར་གང་མགྱོགས་ཐུབ་པ་བྱས་ནས་ཕྱོགས་གཉིས་པོའི་ཚོང་དོན་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་མོས་མཐུན་གནང་བ་རེད།
         ཕྱོགས་གཉིས་པོས་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་གཏེར་ལས། ཞིང་ལས། བཟོ་སྐྲུན་ལས་རིགས། ཆ་འཕྲིན་འཕྲིན་གཏོང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། དངུལ་རྩ། ནུས་རྒྱུ་གཙང་མ། ཁེ་ལས་འབྲིང་ཆུང་སོགས་ཀྱི་ཁྱབ་ཁོངས་ནང་མཉམ་ལས་བྱ་ཤུགས་ཆེ་རུ་བཏང་སྟེ་ཐོན་ལས་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་ལེགས་ཆ་གསབ་རེས་དང་གཉིས་ཕན་གཉིས་ཁེ་ཡོང་བ་བྱ་རྒྱུའི་མོས་མཐུན་གནང་བ་རེད།
         ཕྱོགས་གཉིས་པོས་ཀྲུང་ལའི་རིག་གནས་སྤེལ་རེས་ལོ་དང“ཆི་ལིའི་གཟའ་འཁོར”བཅས་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དེ་གོ་སྐབས་སུ་བཟུང་ནས་རིག་གནས་དང་། སློབ་གསོ། ལྷོ་སྣེའི་ཚན་རིག་རྟོག་ཞིབ། གནམ་དཔྱད་ལྟ་དཔྱད་ཚད་ལེན། ཡོམ་འགོག་གེགས་སེལ་སོགས་ཀྱི་སྤེལ་རེས་མཉམ་ལས་རྒྱ་ཆེར་བཏང་ནས་ཀྲུང་གོའི་རིག་གནས་ལྟེ་བ་མགྱོགས་མྱུར་ཆི་ལིར་གཞིས་ཆགས་པ་བྱས་ནས་མི་སྣ་འགྲོ་འོང་དང་ཡུལ་སྐོར་མཉམ་ལས་རྒྱ་ཆེར་གཏོང་རྒྱུའི་མོས་མཐུན་གནང་བ་རེད།
         ཕྱོགས་གཉིས་པོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་དང་། གནམ་གཤིས་འགྱུར་ལྡོག རྒྱ་མཚོ་སྲུང་སྐྱོང་། 2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་སོགས་ཀྱི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གྲོས་དོན་གལ་ཆེན་དོན་འཁྱོལ་བྱེད་པའི་ཐད་མཐུན་སྦྱོར་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་འདྲ་མཉམ་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་ཀྱི་ཀྲུང་ལའི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་སྟེ་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་མནའ་འབྲེལ་གླེང་མོལ་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ལག་གདང་སྦྲེལ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ས་ཁུལ་གྱི་ཕན་ཚུན་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཛུགས་སྐྲུན་བྱེད་པ་བཅས་བྱས་ནས་འཛམ་གླིང་བརྟན་ལྷིང་དང་དར་རྒྱས་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་མོས་མཐུན་གནང་བ་རེད།