མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་ཕེ་རུའི་ཙུང་ཐུང་ཁུའུ་ཆིན་སི་ཅི་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་24ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞིས་ཅིན་ཕིང་གིས་ཕེ་རུའི་ཙུང་ཐུང་ཁུའུ་ཆིན་སི་ཅི་དང་གྲོས་མོལ་གནང་བ།

     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་21ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ལི་མར་ཕེ་རུའི་ཙུང་ཐུང་ཁུའུ་ཆིན་སི་ཅི་དང་གྲོས་མོལ་གནང་བ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་གྲོང་ཁྱེར་ལི་མར་ཕེ་རུའི་ཙུང་ཐུང་ཁུའུ་ཆིན་སི་ཅི་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ཕེ་རུའི་འབྲེལ་བ་འཕེལ་རྒྱས་སོང་བ་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་ཐོན་པར་ཚད་མཐོའི་གདེང་འཇོག་གནང་བ་དང་། ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ལ་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་སྟེ་ཐུན་མོང་གི་ངོས་འཛིན་གྲུབ་ཡོད་པ་རེད།
     ཞིས་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་གོ་དང་ཕེ་རུའི་དབར་འབྲེལ་བ་བཙུགས་ནས་ལོ་45འཁོར་བའི་ལོ་ཞིག་ཡིན། ཙུང་ཐུང་ཁུའུ་ཆིན་སི་ཅིས་ཙུང་ཐུང་གི་འགན་ཁུར་ནས་གཟའ་འཁོར་6ལས་མ་སོང་བར་ཀྲུང་གོར་འཚམས་འདྲི་གནང་བ་དང་། ང་ཚོས་གྲུབ་འབྲས་ཀྱིས་ཕྱུག་པའི་གྲོས་མོལ་བྱས་ཏེ་ཀྲུང་གོ་དང་ཕེ་རུའི་འབྲེལ་བ་དུས་མཚམས་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་མོས་མཐུན་མགྲིན་གཅིག་ཏུ་བྱུང་ཡོད། ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་བ་དང་། ཕྱོགས་ཚང་མའི་གླེང་མོལ་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཕེ་རུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
     ཞིས་ཅིན་ཕིང་གིས་སླད་ཕྱིན་ལོ་5ནི་ཀྲུང་གོ་དང་ཕེ་རུ་རྒྱལ་ཁབ་གཉིས་ཀྱིས་རང་ངོས་འཕེལ་རྒྱས་གཏོང་བའི་འགག་རྩའི་དུས་མཚམས་ཤིག་ཡིན། ཀྲུང་གོས“ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་ཚད་དང་པོ་ལེགས་གྲུབ་བྱ་རྒྱུ་དང་། ཕེ་རུས་ཀྱང་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད། དུས་བབ་གསར་པའི་འོག་ང་ཚོས་རྩེ་རིམ་ཇུས་འགོད་དང་སྤྱི་འདོམས་སྐུལ་འདེད་ལ་མཐོང་ཆེན་བྱས་ཏེ་ཕྱོགས་གཉིས་པོའི་མཉམ་ལས་ལམ་སྲོལ་ལེགས་པར་སྤྱད་ནས་རྒྱལ་ཁབ་གཉིས་པོའི་2016ལོ་ནས་2021ལོ་བར་གྱི་ཐུན་མོང་གི་བྱ་སྤྱོད་འཆར་གཞི་ལག་བསྟར་ཡག་པོ་བྱེད་པ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་གཉིས་པོའི་མཐུན་ཆ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པ་བྱེད་དགོས་པ་དང་། 
     དཔལ་འབྱོར་ཉོ་ཚོང་མཉམ་ལས་འཕེལ་རྒྱས་མྱུར་པོ་ཡོང་བ་བྱེད་དགོས་ན། སྒུལ་ཤུགས་གསར་པ་སྦྱིན་ནུས་པའི་ཐོན་ནུས་མཉམ་ལས་ཀྱི་འགོ་ཡག་པོ་བཙུགས་ནས་རྣམ་གྲངས་གཙོ་བོ་ལ་སྔ་ཙམ་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་། གཏེར་ལས་དང་། ནུས་རྒྱུ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མཉམ་ལས་སོགས་སྲོལ་རྒྱུན་གྱི་སྒུལ་ཤུགས་མུ་མཐུད་འདོན་སྤེལ་བྱེད་པ། ཁོར་ཡུག་སྲུང་སྐྱོང་དང་། དྭངས་གཙང་ནུས་རྒྱུ། ཆ་འཕྲིན་ཕན་ཚུན་ཤར་གཏོང་སོགས་མཉམ་ལས་ཀྱི་འཕར་གཞི་གསར་པ་སྔོག་འདོན་བྱེད་པ། རང་དབང་ཉོ་ཚོང་གྲོས་ཆོད་ཀྱི་རིམ་སྤོར་འཚོལ་ཞིབ་ཧུར་ཐག་བྱེད་པ་བཅས་བྱས་ནས་ཕྱོགས་གཉིས་པོའི་ཉོ་ཚོང་འཕེལ་རྒྱས་དང་བཟང་སྒྲིག་ལ་སྒུལ་ཤུགས་གསར་པ་སྣོན་དགོས། ཀྲུང་གོ་སྲིད་གཞུང་གིས་མུ་མཐུད་ནས་འཇོན་ཐང་ཡོད་པ་དང་ནུས་པ་ལྡན་པའི་ཀྲུང་གོའི་ཁེ་ལས་ཕེ་རུར་མ་འཇོག་ལས་གཏོད་བྱེད་པར་བསྐྱོད་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན། ང་ཚོས་རིག་གནས་དང་། སློབ་གསོ། ཚན་རྩལ། འཕྲོད་བསྟེན། ལུས་རྩལ། སྨྱན་སྦྱོར། མཐོ་སློབ། ཇུས་འདོན་ཚོགས་པ་སོགས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁྱབ་ཁོངས་སྤེལ་རེས་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་སྟེ་ཡུལ་སྐོར་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན། ཀྲུང་གོ་ཕྱོགས་ནས་ཕེ་རུ་དང་ལག་གདང་དཔུང་སྦྲེལ་གྱིས་འབད་བརྩོན་བྱས་ཏེ་ཐུན་མོང་ཐོག་ཀྲུང་གོ་དང་ཕེ་རུའི་འབྲེལ་བ་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
     ཁུའུ་ཆིན་སི་ཅི་ཡིས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཕེ་རུར་རྒྱལ་དོན་འཚམས་འདྲི་གནང་བར་སྤྲོ་སེམས་འཁོལ་བའི་སྒོ་ནས་དགའ་བསུ་ཞུ་རྒྱུ་ཡིན། ཕེ་རུ་དང་ཀྲུང་གོའི་ལོ་རྒྱུས་འདྲ་བ་དང་། མིག་སྔར་ཕྱོགས་གཉིས་པོས་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་ལ་གཞོལ་བཞིན་ཡོད། མིག་སྔར་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མུ་མཐུད་འཕེལ་རྒྱས་འགྲོ་བས། ཕྱོགས་གཉིས་པོའི་དཔལ་འབྱོར་ཉོ་ཚོང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁྱབ་ཁོངས་མཉམ་ལས་ཀྱི་གཏིང་ཤུགས་ཆེན་པོ་ཡོད། ཕེ་རུ་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་རང་དབང་ཉོ་ཚོང་གྲོས་ཆོད་རིམ་སྤོར་ལ་སྐུལ་འདེད་གཏོང་འདོད་ཡོད་ལ། ཀྲུང་གོའི་ཁེ་ལས་ཀྱིས་ཕེ་རུའི་གཏེར་ཐོན་དང་། ནུས་རྒྱུ། ཆུ་གློག འགྲིམ་འགྲུལ། རྨང་གཞིའི་སྒྲིག་བཀོད་སོགས་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ཕེ་རུའི་མཉམ་སྦྲེལ་མཉམ་མཐུད་འཛུགས་སྐྲུན་ནང་ཞུགས་རྒྱུར་དགའ་བསུ་ཡང་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།