འཚོལ་བཤེར།   
藏文频道
2016ལོའི་ཟླ་5ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་སློབ་ཆེན་གྱི་སློབ་མ་ཧྲའོ་ཙེ་ཅན་གྱིས་མཐའ་མཚམས་སུ་སློབ་སྐྱོར་ལ་བསྐྱོད་པ་
    ནི་མི་ཚེར་ཕན་པ་ཆེ་ཤོས་ཀྱི་སློབ་ཆེན་དུ་སྐྱོད་པ་དང་ཁྱད་མེད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་05ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སློབ་གྲྭ་ཐོན་ཉེར་ཡོད་པའི་སྐབས་སུ། སློབ་གྲོགས་ཚང་མ་ལས་ཀ་འཚོལ་བའམ་ཡང་ན་ཕྱི་རྒྱལ་དུ་སློབ་སྦྱོང་ལ་སྐྱོད་རྒྱུའི་བྲེལ་བ་ཆེན་པོ་བྱེད་བཞིན་ཡོད། འོན་ཀྱང་ལོ་24ལ་སླེབས་པའི་པེ་ཅིང་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ཧྲའོ་ཙེ་ཅན་གྱིས་ཚང་མའི་བསམ་བློར་འཁོར་མྱོང་མེད་པའི་གདམ་ག་ཞིག་བྱས་པ་སྟེ། ལོ་གཅིག་སློབ་སྦྱོང་བྱེད་མཚམས་བཞག་ནས་བོད་དུ་སློབ་སྐྱོར་ལ་བསྐྱོད་རྒྱུ་དེ་རེད།
         ད་རེས་ཧྲའོ་ཙེ་ཅན་གྱིས་སློབ་སྦྱོང་བྱེད་མཚམས་བཞག་ནས་མཐའ་མཚམས་སུ་སློབ་སྐྱོར་ལ་སྐྱོད་ཐེངས་གཉིས་པ་ཡིན་པ་དང་། ཐེངས་དང་པོ་ནི་ཤིན་ཅང་རེད། སློབ་གྲྭ་ཐོན་པའི་དུས་ཀྱི་གདམ་ག་དེ་ལྟ་བུས་ཁོང་གི་མི་ཚེར་གཞན་དང་མི་འདྲ་བའི་བཀྲག་མདངས་ཤིག་མངོན།
         “མི་གང་འདྲ་ཞིག་གིས་ཀྱང་སོ་སོའི་མི་ཚེའི་རིང་ཐུང་ལ་ཚོད་འཛིན་བྱེད་ཐབས་བྲལ། འོན་ཀྱང་རང་ཉིད་ཀྱི་མི་ཚེའི་རིན་ཐང་ཆེ་རུ་གཏོང་ཐུབ”“ཤིན་ཅང་དུ་སློབ་སྐྱོར་བྱས་པའི་ལོ་གཅིག་གི་ཉམས་མྱོང་ལས་རང་ཉིད་ཀྱི་ཡིད་ཆེས་བརྟན་དུ་ཕྱིན་སོང་། མེས་རྒྱལ་གྱི་མཐའ་མཚམས་ལམ་བུའི་ཐོག་བསྐྱོད་རྒྱུ་ནི་ངའི་མི་ཚེའི་ཁྲོད་ཀྱི་ཕན་པ་ཆེ་ཤོས་ཀྱི་སློབ་ཆེན་དུ་ཕྱིན་པ་དང་ཁྱད་མེད”ཅེས་ཁོང་གིས་བཤད།
         2013ལོའི་ཟླ་7པར། དངོས་གཞིའི་ཚན་ཁག་གི་སློབ་གྲྭ་ཐོན་མ་ཐག་པ་དང་པེ་ཅིང་སློབ་ཆེན་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་དུ་ཞིབ་འཇུག་སློབ་མར་བསྐྱོད་དེ་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པར་ཞུགས་ཤིང་། ཧྲའོ་ཙེ་ཅན་གྱིས་ལོ་གཅིག་གི་སློབ་གྲྭའི་སྐྱིད་སྡུག་སོར་ཉར་བྱས་ནས་ཝུའུ་ལུའུ་མུའུ་ཆིར་དང་བླངས་ངང་ཤིན་ཅང་དགེ་འོས་སློབ་ཆེན་གཞོན་ནུ་ཆབ་སྲིད་སློབ་གླིང་དུ་སློབ་སྐྱོར་བྱས། དེའི་གོང་ཁོང་གི་བག་ཆགས་ནང་ཤིན་ཅང་གི་ཧ་སྨི་ཀཱ་དང་། རྒུན་འབྲུམ། ལུག་ཤ་སྲེག་མ་བཅས་ལས་མེད། འོན་ཀྱང་མཐའ་མཚམས་ཀྱི་ས་གཞིའི་ཐོག་དངོས་སུ་བསྐྱོད་པ་ལས་ཁོང་གིས་དེ་དག་ཚང་མ་ནི་ལས་སླ་པོ་ཞིག་མིན་པ་གཞི་ནས་ཤེས།
         སློབ་སྟེགས་ཐོག་ཐེངས་དང་པོ་འཛེགས་སྐབས་ཡུ་གུར་རིགས་ཀྱི་སློབ་གྲྭ་ཆེ་མོ་བ་10ལྷག་ཙམ་གྱི་མདུན་དུ་རྒྱུས་མངའ་མེད་པའི་ངོ་གདོང་དང་ས་ཆ་དེ་གའི་སྐད་རྩ་བ་ཉིད་ནས་མི་ཤེས་པ་དེ་ལས་ཁོང་རང་ཉིད“གྲངས་ཉུང་མི་རིགས”ཤིག་ཡིན་པའི་མྱོང་ཚོར་བྱུང་། ཉལ་ཁང་དུ་སླེབས་མ་ཐག་གང་སར་འབུ་ཀྲང་ལང་གིས་ཁེངས་པ་དང་། གནམ་གཤིས་སྐམ་ཤས་ཆེ་ཡང་གཟུགས་པོ་འཁྲུ་ཐབས་བྲལ་བས་མགྲོན་ཁང་དུ་ཕྱིན་ནས་གཟུགས་པོ་འཁྲུ་རྒྱུ་ལས་མ་འདས།
          ཤིན་ཅང་གི་སློབ་གྲྭར་དགེ་རྒན་མི་འདང་རྐྱེན། ཧྲའོ་ཙེ་ཅན་གྱིས་དབྱིན་ཡིག་དང་ཆབ་སྲིད་སོགས་སློབ་ཚན་ཁག་9འཁྲིད་ཀྱི་ཡོད་པས་གཟའ་འཁོར་གཅིག་ལ་་སློབ་ཚན་མང་ཤོས་22ཡོད་པ་རེད། ཉིན་མོ་སློབ་ཁྲིད་བྱེད་པ་དང་དགོང་མོ་སློབ་ཁྲིད་གྲ་སྒྲིག་བྱེད་དགོས་པ་མ་ཟད། ད་དུང་སྲིད་འཛིན་ལས་ཀ་གཅིག་ལྕོགས་བྱེད་དགོས་པར་བརྟེན་ཧ་ཅང་བྲེལ་བ་ཆེན་པོ་ཡོད། སློབ་མ་ཚོ་དང་སྤེལ་རེས་སྔར་བས་ཡག་པོ་བྱ་ཆེད། ཁོང་གིས་ཁོམ་པ་བྱུང་ཚེ་དཔེ་མཛོད་ཁང་དུ་ཕྱིན་ནས་ཡུ་གུར་རིགས་ཀྱི་ལོ་རྒྱུས་རིག་གནས་སྐོར་གྱི་དཔེ་དེབ་ལྟ་ཀློག་བྱེད་པ་དང་། ཐ་ན་དགེ་རྒན་གཞན་དག་གི་འཛིན་གྲྭར་བསྐྱོད་དེ་སློབ་ཚན་ཉན་པ་དང་སློབ་སྦྱོང་བྱེད་ཀྱི་ཡོད།
         སློབ་མ་ཚོའི་དབྱིན་ཡིག་གི་སྦྱངས་འབྲས་ལེགས་སུ་གཏོང་ཆེད། ཧྲའོ་ཙེ་ཅན་གྱིས་པེ་ཅིང་སློབ་ཆེན་གྱི་སློབ་སྐྱོར་སློབ་གྲོགས་གཞན་དག་3དང་མཉམ་དུ་དགོང་མོའི་རང་སྦྱོང་གི་དུས་ཚོད་སྤྱད་དེ་སློབ་གྲྭ་དེ་ཡོངས་སུ་དབྱིན་ཡིག་རིམ་པ་བཞི་པ་དང་དྲུག་པའི་སློབ་ཁྲིད་ཐོག་མར་བྱས། སློབ་ཁྲིད་བྱེད་རིམ་བཞིན་སློབ་ཚན་ཉན་པར་ཡོང་མཁན་མི་བརྒྱ་ཕྲག་ཡོད་པས“སློབ་ཁང་ནང་གཤོངས་ཀྱི་མེད”ལོ་གཅིག་རིང་སློབ་མའི་དབྱིན་ཡིག་རིམ་པ་བཞི་པ་དང་དྲུག་པའི་ཚད་ལོན་ཚད་ཇེ་མང་དུ་སོང་ཡོད།
         ཤིན་ཅང་ལྷོ་ཕྱོགས་ཀྱི་སྐད་གཉིས་སློབ་གསོའི་ཞན་ཆ་དང་མི་འདང་སར་དམིགས་ནས་ཧྲའོ་ཙེ་ཅན་གྱི་ཚོགས་པས་ད་དུང“ངག་ཐོག་ནས་ཤིན་ཅང་ཁྱབ་སྤེལ་བྱེད་པའི”དྲ་ཐོག་སློབ་གསོའི་རྣམ་གྲངས་སྤེལ་ནས་ཁེ་ལས་དང་འབྲེལ་གཏུག་དང་། ཁྲིད་ཡིག་ཞིབ་བཤེར་གཏན་འབེབས། ཉམས་མྱོང་ཤོད་པ་བཅས་བྱེད་ཀྱི་ཡོད། གཟའ་འཁོར་རེར་རྒྱ་སྐད་ཡག་པོ་ཤོད་ཤེས་པའི་ས་གནས་དེ་གའི་སློབ་གྲྭ་ཆེ་མོ་བ་སྒྲིག་འཛུགས་བྱས་ནས་ཤིན་ཅང་ལྷོ་རྒྱུད་ཀྱི་མཉམ་ལས་སློབ་ཆུང་གཉིས་སུ་རྒྱང་རིང་རྒྱའི་སྐད་ཡིག་སློབ་ཁྲིད་བྱས་པར་སློབ་མ་300ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།
         ལོ་གཅིག་གི་དུས་ཚོད་འཐིམ་རྗེས་ཧྲའོ་ཙེ་ཅན་པེ་ཅིང་སློབ་ཆེན་དུ་ལོག འོན་ཀྱང་། སློབ་མ་རྣམས་ཀྱི་བྲལ་མི་ཕོད་པ་དང་རེ་སྒུག་གི་མིག་ཟུང་དག་ཁོང་གིས་ནམ་ཡང་བརྗེད་མི་སྲིད། “ང་ཚོ་དང་འདྲ་བའི་གྲོང་ཁྱེར་ཆེན་པོར་འཚར་ལོངས་བྱུང་བའི་ཕྲུ་གུ་ཚོར་འབྱོར་ཕྱུག་ལྡན་པའི་འཚོ་བ་དང་ཕུན་སུམ་ཚོགས་པའི་སློབ་གསོའི་ཐོན་ཁུངས་དང་གོ་སྐབས་ཡོད། འོན་ཀྱང་མཐའ་མཚམས་ས་ཁུལ་གྱི་ཕྲུ་གུ་རྣམས་ལ་མཚོན་ན། དེ་དག་ནི་རྒྱས་སྤྲོས་ཤིག་རེད་ཅེས་བརྗོད་ཆོག གལ་ཏེ་སློབ་སྐྱོར་ལ་མ་བསྐྱོད་ན་ཁོང་ཚོའི་འཇིག་རྟེན་ལ་ང་ཚོས་རྒྱུས་མངའ་ལོན་ཐབས་བྲལ”
         2014ལོའི་ལོ་མཇུག་ཏུ་ཞིབ་འཇུག་སློབ་མའི་སློབ་སྦྱོང་བྱེད་བཞིན་པའི་ཧྲའོ་ཙེ་ཅན་གྱིས་སླར་ཡང་པེ་ཅིང་སློབ་ཆེན་སྡེ་ཚོགས་ཨུ་ལྷན་ལ་ལོ་གཅིག་སློབ་མཚམས་བཞག་ནས་བོད་དུ་སློབ་སྐྱོར་ལ་བསྐྱོད་རྒྱུའི་ཞུ་ཡིག་ཅིག་ཕུལ། སློབ་སྦྱོང་གི་དུས་ཚོད་འཐུས་ཤོར་མི་འགྲོ་བ་བྱ་ཆེད། ཁོང་གིས་བོད་དུ་མ་སྐྱོད་གོང་གི་ལོ་གཅིག་ནང་རབ་འབྱམས་པའི་སློབ་ཚན་ཚང་མ་སྦྱངས་པ་མ་ཟད་སློབ་ཚན་གྱི་སྐར་མ་ཡང་ཡོངས་རྫོགས་ཐོབ་ཐབས་བྱས།
          2015ལོའི་ཟླ་8པར། ཧྲའོ་ཙེ་ཅན་བོད་དུ་ཡོང་ནས་ལྷ་ས་སློབ་འབྲིང་གི་དབྱིན་ཡིག་དགེ་རྒན་ཞིག་བྱ་རྒྱུའི་བསམ་འདུན་གྲུབ། ཁོང་གིས་ཉིན་ལྟར་བོད་རིགས་སློབ་མ་60ལྷག་ཙམ་ལ་དབྱིན་ཡིག་སློབ་ཚན་འཁྲིད་པ་མ་ཟད། སློབ་ཁྲིད་ཞིབ་འཇུག་ཁང་གི་བྲེལ་ཚུབ་ཆེ་བའི་ལས་འགན་ཡང་གཅིག་ལྕོགས་སུ་ཁུར།
         ཤིན་ཅང་དུ་སློབ་སྐྱོར་བྱས་པ་དང་མི་འདྲ་བར་བོད་ཀྱི་སློབ་འབྲིང་སློབ་རིམ་འཕར་བའི་གནོན་ཤུགས་ཧ་ཅང་ཆེན་པོ་ཡོད། སློབ་མ་ཚོའི་རྨང་གཞི་སྐྱོ་ཡང་ད་དུང་ཉིན་མ་གང་འཁྱོལ་བྱས་ནས་སྡོད་ཀྱི་ཡོད་པ་དེར་ཁོང་ཅུང་བློ་འཚབ་སྐྱེས་ནས་ཉིན་ལྟར་སློབ་མ་ཚོར་ཐ་སྙད་བློ་འཛིན་དང་སློབ་ཚན་ངག་སྐྱོར་གཏོང་དུ་འཇུག་གི་ཡོད། འོན་ཀྱང་ས་མཐོ་མ་འཕྲོད་པའི་དབང་གིས“སློབ་ཚན་ཁྲིད་མགྱོགས་དྲག་ན་དབུགས་འགག་པ་དང་མགོ་ཡུ་འཁོར་གྱི་ཡོད”
         ཧྲའོ་ཙེ་ཅན་གྱིས“ངའི་དངོས་གཞིའི་སྐབས་ཀྱི་སློབ་གྲོགས་ཚོ་ལས་ཀར་ཞུགས་ནས་ལོ་གསུམ་འགྲོ་གྲབས་འདུག ངའི་ཞིབ་འཇུག་སློབ་མའི་སྐབས་ཀྱི་སློབ་གྲོགས་ཚོའང་སློབ་གྲྭ་ཐོན་ཚར། ཁོང་ཚོ་ཁ་ཤས་ཀྱི་བུ་ཕྲུག་ཚོ་ཡང་རང་མགོ་ཐོན་འདུག” “ཡིན་ན་ཡང་ང་ལ་གྱོང་རེག་པའི་ཚོར་སྣང་མི་འདུག ལོ་ན་གཞོན་པའི་སྐབས་སུ་ནུབ་རྒྱུད་དུ་ཡོང་ནས་གང་སར་ལྟ་འདོད། འདི་ལྟར་བྱེད་དོན་ནི་འགོ་སྔར་བས་ཡག་པོ་རྩོམ་པའི་ཆེད་ཡིན”ཞེས་བཤད།
         དཀའ་སྡུག་གང་མང་འཕྲད་མོད། སེམས་འགུལ་ཡང་མི་ཉུང་བ་ཞིག་ཐེབས། ཁོང་ལ་ཕོ་རྒྱུའི་གཉན་ཚད་རྒྱས་ནས་ཆུ་ཚོད་10ལྷག་ཙམ་རིང་སྨན་ཁང་དུ་སྨན་ཆུ་བླུགས་སྐབས་སློབ་མ་འཚུབ་པོ་ཞིག་གིས་མཚན་གུང་དུ“རྒན་ལགས། ཁྱེད་སེམས་ལྷོད་དུ་ཕབ་ནས་ངལ་གསོ་གནོངས་དང་། ང་ཚོས་སློབ་སྦྱོང་ཡག་པོ་བྱེད་ངེས་ཡིན། སེམས་ཁྲལ་བྱེད་མི་དགོས”ཞེས་པའི་འཕྲིན་ཐུང་ཞིག་བཏང་བས་ཁོང་གི་མིག་མཆི་མས་ཁེངས།
         ཧྲའོ་ཙི་ཅན་གྱིས་ཁོང་ནི་སློབ་སྐྱོར་པ་ཧ་ཅང་དཀྱུས་མ་ཞིག་ཡིན་པས། འབོད་ཚིག་དང་གཏམ་རྒྱུད་མཚར་པོ་ཅི་ཡང་མེད། ཡིན་ན་ཡང“སློབ་སྐྱོར་བྱེད་པ་ནི་དངོས་གནས་ལས་ཀ་གཟི་བརྗིད་ཅན་ཞིག་རེད”ཅེས་བཤད།
          ལོ་10ལྷག་ཙམ་རིང་པེ་ཅིང་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པའི་སློབ་མ་200ལྷག་ཙམ་བོད་ལྗོངས་དང་། མཚོ་སྔོན། ཤིན་ཅང་། ནང་སོག ཡུན་ནན་སོགས་ནུབ་རྒྱུད་ཞིང་ཆེན་ཁག་ཏུ་སློབ་སྐྱོར་ལ་བསྐྱོད་ཅིང་། མེས་རྒྱལ་གྱི་མཐའ་མཚམས་སུ། པེ་ཅིང་སློབ་ཆེན་ནས་ཐོན་པའི་སློབ་མ་ཁག་རེ་རེས་སློབ་སྐྱོར་གྱི་དཔལ་འབར་བརྒྱུད་སྤྲོད་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།