འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མི་རིགས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་དགོས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་15ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་མི་རིགས་གཅིག་ཀྱང་ཉུང་མི་རུང་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་པར་མི་རིགས་ས་ཁུལ་རྗེས་སུ་ལུས་མི་རུང་།
         འདི་ལོའི་ཚོགས་འདུ་གཉིས་ཐོག་དབུལ་སྐྱོར་དང་དབུལ་སྒྲོལ་ནི་འཐུས་མི་དང་ཨུ་ཡོན་ཚོས་གླེང་མང་བའི་བརྗོད་གཞི་ཞིག་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་པའི་ཧེ་ལུང་ཅང་འཐུས་མི་ཚོགས་པ་དང་ཧུའུ་ནན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་དབུལ་པོའི་ས་ཁུལ་གྱི་ཡུལ་མི་སྤུན་ཟླ་ཚོར་ཐུགས་ཁྲལ་ཆེན་པོ་གནང་གི་ཡོད། “ཕྱར་བ་གྲུ་འདེགས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱས་ནས་2020ལོར་སླེབས་སྐབས་ད་ལྟ་སྤྱོད་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་དང་འབྲོག་ཁུལ་གྱི་དབུལ་པོའི་མི་འབོར་ཚང་མ་དབུལ་སྒྲོལ་ཐུབ་པ་དང་དབུལ་པོའི་རྫོང་ཚང་མའི་དབུལ་པོའི་ཞྭ་མོ་ཕུད་ཐུབ་པ་དགོས”ཟླ་3ཚེས་10ཉིན་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་སླར་ཡང་མི་རིགས་ས་ཁུལ་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁབ་ཐོབ་པ་བྱེད་པའི་བླང་བྱ་བཏོན་གནང་བ་དང་ཁ་ཕྱོགས་གསལ་བཏོན་གནང་ཡོད། ཐུགས་ཁྲལ་ཟབ་མོས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་རྒྱལ་ཁ་ཕུ་ཐག་གཅོད་པའི་བཀའ་རྒྱ་ལས་མི་རིགས་ཁག་གི་མི་དམངས་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་བསྐྱོད་བྱེད་པའི་ངར་ཤུགས་འཕེལ་བ་བྱས་ཡོད།
         མཚོ་བོད་ས་མཐོ་ནས་ཕྱི་རོལ་ཡུལ་གྱི་རྩྭ་ཐང་དབར་དང་ཐེན་ཧྲན་རི་བོའི་རི་གཤམ་ནས་དགུང་ཨ་སྔོན་དབྱིངས་དབར་ཚང་མར་ཉེ་བའི་ལོ་ཤས་རིང་མི་རིགས་ས་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ཡིན་ནའང་རང་བྱུང་ཁོར་ཡུག་དང་ལོ་རྒྱུས་ཀྱི་ཆ་རྐྱེན་སོགས་རྒྱུ་རྐྱེན་སྣ་ཚོགས་ལས་མི་རིགས་ས་ཁུལ་ཁག་གཅིག་གི་མང་ཚོགས་ལ་དཀའ་ངལ་མང་པོ་འཕྲད་པ་དང་དཀའ་ངལ་འཕྲད་པའི་མང་ཚོགས་མང་པོ་ཡོད་པས་དབུལ་སྒྲོལ་ཐུབ་པ་བྱེད་པར་ད་དུང་དཀའ་ངལ་ཆེ་ཙམ་འཕྲད་སྲིད། རྒྱལ་ཡོངས་ཀྱི་ཡུག་སྦྲེལ་གྱི་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པའི་ས་ཁུལ་14ལ་ཁྱོན་རྫོང་680ཡོད་པའི་ནང་371མི་རིགས་རང་སྐྱོང་ས་ཆར་གནས་ནས་54.6%བཟུང་ཡོད། མི་རིགས་ས་ཁུལ་ནི་ཞན་ཆའི་ཁྲོད་ཀྱི་ཞན་ཆ་ཡིན་སྟབས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པར་མི་རིགས་ས་ཁུལ་ནི་འཐབ་ས་གཙོ་བོ་དེ་ཡིན་པ་དོན་དངོས་ལས་གསལ་བཤད་བྱས་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་དུས་བབ་ཛ་དྲག་ཤོས་དེ་ཡིན་པས་སེམས་ཐག་གཙང་བཅད་ཀྱིས་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། མྱུར་ཚད་མགྱོགས་སུ་གཏོང་བ། འཕེལ་རིམ་ལ་སྐུལ་མ་མྱུར་པོ་གཏོང་བ་བཅས་བྱས་ཚེ་གཞི་ནས་གནད་དོན་ཐག་གཅོད་ཐུབ་པ་དང་མི་ཁྲི་སྟོང་དང་འབྲེལ་བའི་བདེ་སྐྱིད་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་དམིགས་ཚད་དང་འབྲེལ་བའི་དམག་འཐབ་དེར་རྒྱལ་ཁ་ཐོབ་ཐུབ།
         དབུལ་སྐྱོར་གསར་སྤེལ་ནི་གནད་སྨིན་ལ་རགས་ལུས་ཡོད། མི་རིགས་ས་ཁུལ་གྱི་གནས་ཚུལ་ལ་ཧེ་བག་ཧ་ཅང་ཆེན་པོ་ཡོད་པས་གལ་སྲིད་གནད་དོན་དང་བསྟུན་ནས་བྱ་སྤྱོད་མ་སྤེལ་ཚེ་གྲུབ་འབྲས་ཐོབ་རྒྱུ་ལྟ་ཅི་ཕན་འབྲས་ཀྱང་ཐོན་མི་སྲིད། མི་རིགས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ཐད“གནད་སྨིན”ལ་དམ་འཛིན་ནན་པོ་བྱེད་པ་དང“དབུལ་པོའི་འབྱུང་རྩྭ”རྩ་བཅོས་ཐུབ་ཐབས་བཙལ་འཚོལ་བྱས་ནས་དབུལ་སྐྱོར་གནད་སྨིན་དང་དབུལ་སྒྲོལ་གནད་སྨིན་དང་། དུད་ཚང་དུ་གནད་སྨིན་ཐུབ་པ་དང་མི་སྣར་གནད་སྨིན་ཐུབ་པ་དགོས། དབུལ་སྒྲོལ་འགག་སྒྲོལ་བྱེད་པར་ཕན་པ་དངོས་ཐོབ་པ་དང་ཕུགས་ཕན་ཐོབ་དཀའ་བས་དབུལ་སྒྲོལ་ཕན་འབྲས་གྱི་རྒྱུན་མཐུད་རང་བཞིན་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཉ་སྟེར་བ་ལས་འཛིན་སྟངས་སློབ་པ་དགའ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ནན་བཤད་གནང་བ་ལྟར་སློབ་གསོའི་དབུལ་སྒྲོལ་ལ་དེ་བས་སྣང་ཆེན་བྱས་ནས་དབུལ་སྐྱོར་བྱེད་པར་ངེས་པར་དུ་རིག་སྟོབས་དབུལ་སྐྱོར་བྱེད་དགོས། དབུལ་པོའི་ས་ཁུལ་གྱི་བྱིས་པ་ཚོར་སློབ་གསོ་ལེགས་པོ་ཞིག་ཐོབ་ཚེ་གཞི་ནས་དབུལ་པོ་མི་རབས་ནས་མི་རབས་རྒྱུན་མཐུད་བྱ་རྒྱུ་བཀག་འགོག་ཐུབ་པ་དང་ས་གནས་དེ་གའི་བྱ་གཞག་གསར་གཏོད་ཀྱི་ཤེས་ལྡན་མི་སྣ་ཁག་གཅིག་སྐྱེད་སྲིང་བྱས་ཚེ་གཞི་ནས་རྒྱལ་ཁབ་ཀྱི་མ་དངུལ་དང་སྲིད་ཇུས་བེད་སྤྱོད་ཡག་པོ་དང་གསོན་ཉམས་དོད་པོ་བཏང་ཐུབ་ནས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཀྱི་རྨང་གཞི་དེ་བས་བརྟན་དུ་གཏོང་ཐུབ།
         ཆུ་བོ་དྭངས་ཤིང་རི་བོ་སྔོ་བ་ནི་གསེར་རི་དངུལ་རི་ལྟ་བུ་ཡིན། མི་རིགས་ས་ཁུལ་ནི་རང་རྒྱལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་གཅིག་སྡུད་ཁུལ་དང་། ཆུ་རྒྱུད་ཀྱི་འབྱུང་ཁུངས། སྣོད་བཅུད་སྲུང་ཡོལ་ཁུལ་བཅས་ཡིན། གཙང་གསུམ་ཆུ་འགོ་དང་རྩྭ་ཐང་དང་འབྲོག་ར་ཡིན་ནའང་འདྲ་ཡང་ན་ནགས་ཀླུང་གངས་ཡུལ་དང་གླིང་ཕྲན་དང་རླབས་རྒྱུན་གང་ཞིག་ཡིན་རུང་སྣོད་བཅུད་ཕུན་སུམ་ཚོགས་པོ་ནི་མི་རིགས་ས་ཁུལ་འཚོ་གནས་དང་འཕེལ་རྒྱས་ཡོང་བ་བྱེད་པའི་རྩ་ནོར་ལྟ་བུ་ཞིག་རེད། སྣོད་བཅུད་ཁོར་ཡུག་ལ་ཚབ་བྱེད་དངོས་པོ་མེད་པས་ཤོར་ན་འཚོ་ཐབས་བྲལ་བ་ཞིག་རེད། “གཞི་རྩར་གཡོ་འགུལ་མི་གཏོང་བ་དང་ཁྱིམ་གཞིས་དོར་མི་རུང”མི་རིགས་ས་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་བརྒྱུད་རིམ་ནང་དཔལ་འབྱོར་འཕེལ་རྒྱས་དང་སྣོད་བཅུད་སྲུང་སྐྱོང་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས། སྤྱི་ཡོངས་ཀྱི་ལྟ་བ་དང་ཕུགས་ཀྱི་ལྟ་བ་ཡག་པོ་བཙུགས་ནས་སྲུང་སྐྱོང་སྔོན་ལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མིག་འབྲས་ལ་གཅེས་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་དགོས་པ་དང་ཚེ་སྲོག་ལ་གཅེས་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་གཅེས་སྤྲས་བྱེད་དགོས། སྔོ་ལྗང་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་པ་བྱ་རྒྱུར་སྐུལ་མ་བཏང་ཚེ་ཕུགས་ཀྱི་འཕེལ་རྒྱས་ཆེད་འཕེལ་རྒྱས་ཀྱི་ལེགས་ཆ་ཟབ་གཏོད་བྱེད་ཐུབ། མཚོ་སྔོན་གྱི་ངོས་ནས་བརྗོད་ན་ཀྲུང་གོའི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟ་ཡག་པོ་བྱེད་པ་དང་“ཀྲུང་ཧྭ་ཡི་ཆུ་གསོག་མཐོ་ལྕོག”ལ་སྲུང་སྐྱོང་ཡག་པོ་བྱས་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུལ་ཡོལ་བརྟན་པོ་སྐྲུན་པ་ཞིག་རེད། ས་གནས་ཁག་གི་ངོས་ནས་བརྗོད་ཚེ་རྩིས་ཆེན་དང་། ཕུགས་རྩིས། སྤྱི་རྩིས། ཕྱོགས་རྩིས་བཅས་རྒྱག་རྒྱུ་མཐའ་འཁྱོངས་བྱས་ནས་ཆུ་བོ་དྭངས་ཤིང་རི་བོ་སྔོ་བ་དེ་གསེར་རི་དངུལ་རིར་གྱུར་བ་བྱས་ཐོག་མི་རིགས་ས་ཁུལ་གྱི་དབུལ་སྒྲོལ་ཕྱུག་འགྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཆེད་སྣོད་བཅུད་ཀྱི་རྨང་གཞི་བརྟན་པོ་སྐྲུན་དགོས།
         མི་རིགས་མང་བ་ནི་རང་རྒྱལ་གྱི་ཁྱད་ཆོས་ཆེན་པོ་ཞིག་ཡིན་ལ་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་མཐུན་རྐྱེན་བཟང་པོ་ཞིག་ཀྱང་ཡིན། མི་རིགས་ས་ཁུལ་གྱི་རང་བྱུང་གི་རྣམ་པ་དང་། ཐོན་ཁུངས། རིག་གནས་སྲོལ་རྒྱུན་སོགས་ཐད་ཁྱད་ཆོས་ཕུན་སུམ་ཚོགས་པོ་ལྡན་པས་འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་པ་ཆེན་པོ་ལྡན་ཡོད། དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་མི་མངོན་པའི་སྟོབས་ཤུགས་དེ་དངོས་ཤུགས་སུ་གྱུར་བ་བྱེད་པར་ཕྱི་ཕྱོགས་ཀྱི་རོགས་རམ་དགོས་ལ་ནང་ངོས་ཀྱི་སྒུལ་ཤུགས་དེ་བས་འཕེལ་བ་བྱེད་དགོས། ཕྱོགས་གཅིག་ནས་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་དང་དམངས་འཚོ་འཛུགས་སྐྱོང་གི་མ་དངུལ་མི་རིགས་ས་ཁུལ་དུ་ཕྱོགས་ནས་མི་རིགས་ས་ཁུལ་གྱི་མང་ཚོགས་ཚོས་སྒྱུར་བཅོས་འཕེལ་རྒྱས་ཀྱི་ཕན་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་མི་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ཏེ་མི་རིགས་ས་ཁུལ་གྱི་ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་སྐྱེད་སྲིང་ཧུར་ཐག་བྱས་ནས་མི་རིགས་ས་ཁུལ་གྱི་ཐོན་ལས་གྲུབ་ཆའི་རིམ་ངོས་མཐོ་རུ་བཏང་ཐོག་མི་རིགས་ས་ཁུལ་གྱི་རང་ངོས་འཕེལ་རྒྱས་གཏོང་ནུས་དང་རྒྱུན་མཐུད་འཕེལ་རྒྱས་གཏོང་ནུས་ཆེ་རུ་འགྲོ་ཐུབ་པ་བྱེད་དགོས། “གཞན་རྟེན”དང“རང་རྟེན”གལ་ཆེ་མཉམ་དུ་འཛིན་ཚེ་མི་རིགས་ས་ཁུལ་རྒྱ་སྟོབས་ཆེ་རུ་འགྲོ་ཐུབ་པ་དང་འབྱོར་འབྲིང་ལམ་བུའི་ཐོག་བརྟན་པོའི་ངང་སྐྱོད་ཐུབ་པ་དང་ལམ་ཐག་རིང་བ་ཞིག་ཡོང་ཐུབ།
         མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་ཚེ་སྲོག་ལམ་ཐིག་ཅིག་ཡིན་པས་མི་རིགས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་པར་རྩ་ནོར་དེ་དང་འབྲལ་ཐབས་མེད། མི་རིགས་ཁག་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ཁྲོད་སྤུན་ཉེ་མཉམ་མཐུན་དང་། ཕན་ཚུན་ལྟ་སྐྱོང་། མཐུན་སྒྲིལ་འཆམ་མཐུན། ཐུན་མོང་ཐོག་འཕེལ་རྒྱས་གཏོང་བ་བཅས་བྱས་ཚེ་ང་ཚོས་སྟོབས་ཤུགས་གཅིག་ཏུ་འདུས་ནས་འགག་སྒྲོལ་དཀའ་སེལ་ཐུབ་ངེས་ཡིན་པ་དང་བསམ་བློ་གཅིག་མཐུན་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་ཕུགས་འདུན་བཟང་པོ་སྐྲུན་ཐུབ་ངེས་རེད།
      

    ཕྱོགས་བསྡུས་གསར་འགྱུར།