འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ས་གནས་ཁག་གིས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་56འཁོར་
    བར་དྲན་གསོ་གཟབ་རྒྱས་ཞུས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་29ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཀྱི་ས་གནས་ཁག་གིས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་56འཁོར་
བར་དྲན་གསོ་གཟབ་རྒྱས་ཞུས་པ།
         མི་དམངས་དྲ་བའི་འཕྲིན། འདི་ནི་ང་ཚོ་སོ་སོའི་དུས་ཆེན་ཡིན་པས་ང་ཚོས་ལོ་ལྟར་ཉིན་དེ་རེ་སྒུག་བྱེད་ཀྱི་ཡོད། “3•28”ནི་རླབས་ཆེན་གྱི་དྲན་གསོའི་ཉིན་མོ་ཞིག་ཡིན་པ་དང་ང་ཚོས་སྐར་ལྔའི་དར་དམར་དགུང་སྔོན་དབྱིངས་སུ་ལྷབ་ལྷུབ་ཏུ་གཡོ་བ་བྱས་ཏེ་མི་ཚང་མས་བོད་འདི་ཉིད་ནམ་ཡང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ཤེས་སུ་འཇུག་རྒྱུ་ཡིན། ཟླ་3ཚེས་27ཉིན་གྱི་ཞོགས་པ་སྔ་པོ་ནས་ཉིང་ཁྲི་རྫོང་བྲག་ཡིབ་གྲོང་རྡལ་གནས་གཞི་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་སྒོ་རའི་ནང་མིས་ཁེངས་ནས་འཁྲུག་ཆ་དོད་པའི་རྣམ་པ་ཞིག་མངོན་བཞིན་ཡོད་པ་དེ་ནི་གཟའ་འཁོར་གཅིག་གི་སྔོན་དུ་བྲག་ཡིབ་གྲོང་རྡལ་སྲིད་གཞུང་གིས་གྲོང་མི་ཚོར་རྒྱལ་དར་ཉོས་ཏེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་56འཁོར་བར་དྲན་གསོ་ཞུ་ཆེད་གྲ་སྒྲིག་བྱས་པ་ཞིག་རེད། རྒྱལ་དར་ལེན་པར་ཡོང་བའི་གྲོང་མི་ཚོའི་ངོ་གདོང་ནས་དགའ་བའི་འཛུམ་མདངས་མངོན་པ་དང་གྲོང་ཚོའི་གང་སར་དགའ་སྤྲོའི་རྣམ་པས་ཁེངས།
         ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་རིག་རྩལ་འཁྲབ་སྟོན་བྱེད་པ་དང་། བཞུགས་མོལ་ཚོགས་འདུ་འཚོག་པ། སྒྲོག་འགྲེལ་བྱེད་པ་སོགས་བྱས་ཏེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་56འཁོར་བར་དྲན་གསོ་གཟབ་རྒྱས་ཤིག་ཞུས་ཏེ་ད་ཆའི་བདེ་སྐྱིད་ཀྱི་འཚོ་བར་གཅེས་སྤྲས་དང་མཐུན་སྒྲིལ་འབད་འཐབ་ཀྱིས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པའི་ཡིད་ཆེས་དང་ཆོད་སེམས་མཚོན་པ་བྱས་ཡོད།
         ཚེས་26ཉིན་གྱི་སྔ་དྲོར་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་དྲན་གསོ་ཞུ་བའི་ཆེད་འཁྲབ་རིག་རྩལ་འཁྲབ་སྟོན་<<ཀྲུང་གོའི་ཕུགས་འདུན་གཙང་གསུམ་བསྟོད་གླུ་>>ཞེས་པ་ཆབ་མདོའི་བཅིངས་འགྲོལ་ཐང་ཆེན་ཐོག་འཁྲབ་སྟོན་བྱས། ཆབ་མདོའི་བུ་ཕྲུག་5000ལྷག་ཙམ་གྱིས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཏེ་ལྟད་མོ་ཆེ་བའི་ལེ་ཚན་བལྟས་ནས་དུས་ཆེན་གྱི་དགའ་སྤྲོའི་རྣམ་པས་ཁེངས་པ་བྱས། ཆབ་མདོ་གྲོང་ཁྱེར་གྱི་ཁྲོམ་གཞུང་གཙོ་བོ་དང་། ཚན་པ་ཁག ཤང་གྲོང་ཁག་བཅས་སུ“བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་56འཁོར་བར་དྲན་གསོ་ཞུ”ཞེས་པའི་སྦྱར་ཡིག་དང་། འཕྲེད་འགེལ་སྦྱར་ཚིག ཚོན་དར་བཅས་གང་སར་བཀལ་བ་དང་ཆབ་མདོའི་རྫོང་དང་ཆུས་ཁག་11གིས“བོད་ལྗོངས་གསར་རྙིང་བསྡུར་བའི”བརྗོད་བྱ་གཙོ་བོའི་སྒྲོག་འགྲེལ་སྙན་ཞུ་འཚོགས་པ་དང་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་56འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་དང་། སྙན་ཞུའི་ཚོགས་འདུ། སྒྲོག་འགྲེལ་ཚོགས་འདུ་བཅས་འཚོགས་པ་མ་ཟད། རིག་རྩལ་འཁྲབ་སྟོན་ཡང་བྱས་པ་རེད། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མི་ཁྲི་སེམས་གཅིག་དང་། ལས་དོན་ཏག་ཏིག་སྤེལ་བ། སྙིང་རུས་ཆེན་པོས་བརྩོན་ལེན་བྱེད་པ། གསར་འབྱེད་གསར་གཏོད་བཅས་བྱས་ཏེ་འབྱོར་ཕྱུག་དང་། ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང་། ཤེས་དཔལ། མཛེས་སྡུག་བཅས་ལྡན་པའི་ཆབ་མདོ་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་ཧུར་ཐག་བྱ་རྒྱུ་ཡིན་ལུགས་བརྗོད།
         ཉེ་དུས་ནག་ཆུ་རྫོང་དྲིལ་བསྒྲགས་པུས་མང་ཚོགས་སྒྲོག་འགྲེལ་པ་བགྲེས་སོང་པད་ཆུང་གདན་དྲངས་ནས“ནག་ཆུའི་གཏམ་རྒྱུད་ཤོད་པ་དང་བདེ་སྐྱིད་འཚོ་བ་གླེང”ཞེས་པ་བརྗོད་བྱ་གཙོ་བོར་བྱས་ནས་བོད་གསར་རྙིང་བསྡུར་བའི་སྒྲོག་འགྲེལ་བྱེད་སྒོ་དང་བོད་གསར་རྙིང་བསྡུར་བའི་སློབ་གསོའི་བྱེད་སྒོ་སློབ་གྲྭ་ཁག་ཏུ་སྤེལ་བ་རེད། སྒྲོག་འགྲེལ་ཚོགས་འདུའི་ཐོག་བགྲེས་སོང་པད་ཆུང་གིས་རང་ཉིད་ཀྱི་མྱོང་རྒྱུས་དང་ཟུང་འབྲེལ་བྱས་ཏེ་བོད་ལྗོངས་གསར་རྙིང་གི་གཏན་ནས་མི་འདྲ་བའི་སྤྱི་ཚོགས་ཀྱི་འཚོ་བ་སྐྱེལ་སྟངས་བརྗོད་དེ་རྒྱ་ཆེའི་དགེ་སློབ་ཚོས་བོད་ལྗོངས་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་མུན་ནག་དང་གདུག་རྩུབ་ཚོར་ཐུབ་པ་དང་བོད་གསར་པའི་འཚོ་བའི་མཛེས་སྡུག་དང་བདེ་སྐྱིད་ཚོར་ཐུབ་པ་བྱུང་ཡོད་ལ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཁོ་ནའི་ཁྲོད་དེ་སྔའི་ཞིང་བྲན་གྱི་བུ་ཕྲུག་རྣམས་ལ་འདྲ་མཉམ་གྱི་འཚོ་བ་ལོངས་སུ་སྤྱོད་དབང་བྱུང་ནས་རྒྱལ་ཁབ་ཀྱི་བདག་པོར་གྱུར་བ་དང་རང་ཉིད་ཀྱི་ལས་དབང་རང་གིས་ཁ་ལོ་བསྒྱུར་བའི་བདག་པོར་གྱུར་བ་གསལ་རྟོགས་ཐུབ་པ་བྱུང་ཡོད།
         ཉིན་ཤས་བསྟུད་མར་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་བསམ་གྲུབ་རྩེ་ཆུས་གྲོང་ལྷོ་ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་ཉི་རི་གཞུང་ཤང་གི་དབང་ལགས་དང་། དོན་གྲུབ། ཉི་མ་གཡུ་སྒྲོན་སོགས་བོད་གསར་རྙིང་གི་སྤྱི་ཚོགས་བརྒྱུད་མྱོང་ཡོད་པའི་རྒན་རྒོན་གསུམ་གདན་ཞུ་བྱས་ཏེ་ཆུས་ཁོངས་གཏོགས་ཀྱི་སློབ་འབྲིང་གསུམ་ལ་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་56འཁོར་བར་དྲན་གསོ་ཞུ་བ་དང་བོད་གསར་རྙིང་བསྡུར་བའི་སྒྲོག་འགྲེལ་བྱས་པ་རེད། རྒན་རྒོན་ཚོས་རང་ངོས་ཀྱི་མྱོང་རྒྱུས་དང་ཟུང་འབྲེལ་གྱིས་འགྱུར་ཁུག་སྙན་ལ་བརྩེ་དུང་ཟབ་པའི་སྒོ་ནས་བོད་རྙིང་པའི་དཀའ་སྡུག་དང་ལོ་བཅུ་གྲངས་ནང་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བའི་འགྱུར་ལྡོག་བྱུང་བའི་སྐོར་བརྗོད་ཡོད། ད་རེས་ཀྱི་སྒྲོག་འགྲེལ་དེ་ཁག་གསུམ་ལ་དབྱེ་ནས་བྱས་པ་དང་དགེ་སློབ་4000ལྷག་ཙམ་གྱིས་སྒྲོག་འགྲེལ་ཉན་ཡོད།
         ཚེས་27ཉིན་གྱི་ཕྱི་དྲོ། རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་འཐུས་མི་དང་། ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་བློ་མཐུན་རྒན་གྲས། ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་ཡོངས་བཅས་ཀྱིས“3•28”དྲན་གསོའི་ཉིན་མོར་བཞུགས་མོལ་ཚོགས་འདུ་འཚོགས་ནས་རླབས་ཆེན་མེས་རྒྱལ་ཡག་དང་། སྤྱི་ཚོགས་རིང་ལུགས་ཡག གུང་ཁྲན་ཏང་ཡག དམངས་གཙོའི་བཅོས་སྒྱུར་ཡག སྒྱུར་བཅོས་སྒོ་དབྱེ་ཡག་བཅས་ཀྱི་བརྗོད་བྱ་གཙོ་བོའི་བསྟོད་གླུ་ཕུལ་ཡོད།
         “3•28”བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་སླེབས་ལ་ཉེ་བའི་སྐབས་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ལས་བྱེད་ལས་བཟོ་དང་། ཚགས་པར་ལས་ཁུངས་སུ་བཅའ་སྡོད་དྲག་ཆས་ཉེན་རྟོག་དཔོན་དམག དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་བཅས་ཀྱིས་མཉམ་དུ་གད་ཕྱིས་གཙང་སྦྲ་དང་ཁོར་ཡུག་མཛེས་བཟོ་བྱས་ནས་དམག་དམངས་བརྩེ་སེམས་ཉ་ཆུ་ལས་ཟབ་པ་ཡོང་བ་བྱས་ཡོད།
         བོད་ལྗོངས་སློབ་ཆེན་གྱིས་ཆེད་དོན་སྒྲོག་འགྲེལ་ཚོགས་འདུ་འཚོགས་ཏེ་རྒྱ་ཆེའི་དགེ་སློབ་ཚོར་བོད་ལྗོངས་གསར་རྙིང་གི་གནམ་ས་འཛོལ་བ་ལྟ་བུའི་རླབས་ཆེན་གྱི་ལོ་རྒྱུས་འཕོ་འགྱུར་སྔར་བས་ཤེས་རྟོགས་ཐུབ་པ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་ནས་འབྱོར་ཕྱུག་དང་། ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང་། ཤེས་དཔལ། མཛེས་སྡུག་བཅས་ལྡན་པའི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་བསྐྲུན་ཆེད་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་པའི་སྐུལ་ལྕག་བྱས་ཡོད།
         ཚེས་27ཉིན་བོད་ལྗོངས་མི་རིགས་སློབ་གླིང་གི་དགེ་སློབ་ཀྱི་འཐུས་མི་600ལྷག་ཙམ་གྱིས་ཚོགས་འདུ་གཟབ་རྒྱས་འཚོགས་ཏེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་56འཁོར་བར་དྲན་གསོ་ཞུས་པ་དང“མི་རིགས་ལྔ་བཅུ་ལྔ་དྲུག་ཁྱིམ་ཚང་གཅིག་ལྟར་མཐུན་སྒྲིལ་ཟབ”ཅེས་པའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་དང་2015ལོའི“དཔྱིད་ཀྱི་མྱུ་གུ”ཞེས་པའི་སློབ་གྲྭའི་རིག་གནས་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་གཉེར་ནས་སློབ་གྲྭའི“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་ཟླ་བའི”བྱེད་སྒོ་ཐེངས་དྲུག་པའི་ཚ་རླབས་འཕྱུར་བ་བྱས་ཡོད།
         ཆུ་ཤུར་རྫོང་གྲོང་གི་ཁྲོམ་གཞུང་ཆེ་ཆུང་གང་སར་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བཞིན་འདུག ཚེས་27ཉིན་རྫོང་རིག་གནས་བྱེད་སྒོའི་ལྟེ་གནས་སུ་ཆུ་ཤུར་རྫོང་གི་ལས་བྱེད་པ་དང་མང་ཚོགས་800ལྷག་ཙམ་བྱེད་སྒོའི་ནང་ཞུགས་ཡོད། ཆུ་ཤུར་རྫོང་ཡར་སོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་དང་། ལས་ཁུངས་ཀྱི་ལས་བྱེད་པ། ཤང་གྲོང་གི་མང་ཚོགས་སྒྱུ་རྩལ་རུ་ཁག སློབ་གྲྭའི་དགེ་སློབ། བཅའ་སྡོད་དཔུང་སྡེའི་དཔོན་དམག་བཅས་ཀྱིས་ལྟད་མོ་ཆེ་བའི་གླུ་གར་ལེ་ཚན་ཁག་15ཙམ་འཁྲབ་སྟོན་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།