འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཁོར་ཡུག་སྲུང་སྐྱོང་པུའི་པུའུ་ཀྲང་གསར་པ་ཁྲེན་ཅི་ཉིང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་
    ཁོར་ཡུག་སྤུས་ཚད་ཀྱི་ལྟེ་བར་དམ་འཛིན་ནན་པོ་བྱ་རྒྱུ་ཡིན་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་09ཉིན། 16:48】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

     
         མི་དམངས་དྲ་བའི་འཕྲིན།“‘ལོ་ལྔ་ཚན་བཅུ་གསུམ་པའི’ཁོར་ཡུག་སྲུང་སྐྱོང་འཆར་གཞིས་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་རྒྱུ་ཞེས་པའི་ལྟེ་བར་དམ་འཛིན་ནན་པོ་བྱེད་པ་དང་། སྤུས་ཚད་དང་སྤྱི་འབོར་ཕྱོགས་གཉིས་ཀར་དོ་དམ་ཚོད་འཛིན་བྱེད་པ། ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ་བཅས་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་ཐབས་ཇུས་གཏན་འབེབས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སྦགས་བཙོག་བཅོས་སྐྱོང་བྱ་རྒྱུ་དང་། ཁུལ་དབྱེ་རིགས་དབྱེ་དང་རིམ་དབྱེ་རྣམ་དབྱེ་བྱ་རྒྱུ། དོ་དམ་ཞིབ་ཚགས་དང་གནད་ལ་འཁེལ་པོས་ཤུགས་རྒྱག་རྒྱུ་བཅས་ཡིན”ཞེས་ཁོར་ཡུག་སྲུང་སྐྱོང་པུའི་པུའུ་ཀྲང་གསར་པ་ཁྲེན་ཅི་ཉིང་གིས་གསུངས་ཤིང་། ཁོང་གིས་རླུང་ཁམས་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱ་རྒྱུ་གཙོ་གནད་དུ་འགག་སྒྲོལ་བྱས་ནས་ཁྲིམས་འཛུགས་ཁྲིམས་འཛིན་བྱ་རྒྱུ་དང་།སྲིད་གཞུང་གིས་རང་འགན་གཙང་སྒྲུབ་བྱ་རྒྱུ། ཁོར་ཡུག་་བཅོས་སྐྱོང་བྱེད་སྟངས་ལེགས་སྒྲིག་བྱ་རྒྱུ། སྤྱི་ཚོགས་ཀྱི་ཐུན་མོང་བཅོས་སྐྱོང་བྱེད་སྟངས་འཐུས་ཚང་དུ་གཏོང་རྒྱུ།ཁྲོམ་རའི་ལམ་སྲོལ་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ཀྱི་ལམ་ལུགས་ཆེན་པོ་ལྔ་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཤུགས་རྒྱག་རྒྱུ་ཡིན་ཞེས་བཤད་པ་རེད།
         པུའུ་ཀྲང་གི་འགན་བཞེས་ནས་ཆུ་ཚོད་48སོང་བའི་དུས་སུ་ཁྲེན་ཅི་ཉིང་གིས་ཕྱི་ཕྱོགས་སྐོང་བསྡུའི་ཚོགས་འདུ་ཐེངས་དང་པོའི་ཐོག་གསར་འགྱུར་ལས་རིགས་ཀྱི་གསར་འགོད་པ་ཚོའི་བསམ་འཆར་དང་གྲོས་འགོ་གསན་ཞིང་།ཁོང་གིས་ཀྲུང་དབྱང་གིས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་བླང་བྱ་གསར་པ་བཏོན་ལ་མིག་སྔའི་ཁོར་ཡུག་དུས་བབ་ཛ་དྲག་པོ་ཡོད། དེས་ན་ཕྱོགས་ཁག་གི་བློ་གྲོས་གཅིག་སྡུད་བྱས་ཏེ་ཇུས་འགོད་ས་བཀྲ་དང་ཨར་ལས་ས་བཀྲ་ཡག་པོ་ཞིག་འདོན་པ་དང་ཆབས་ཅིག་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཁོར་ཡུག་གི་སྤུས་ཚད་ལེགས་སུ་ཧུར་ཐག་གཏོང་དགོས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིས་བཏོན་གནང་བའི་ནམ་མཁའ་སྔོ་བསངས་དང་། རི་ཀླུང་སྔོ་ལྗང་། ཆུ་མོ་དྭངས་གཙང་བཅས་ཡུན་གནས་ཡོང་བའི་་དམིགས་ཚད་ཀྱི་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་དགོས་ཞེས་བཤད་པ་རེད།
         “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་གཞི་བཟོ་འགོད་ཡག་པོ་བྱེད་དགོས་པ་ཕུད་ཁྲེན་ཅི་ཉིང་གིས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ད་དུང་བྱ་བ་འགའ་ཞིག་ཡག་པོ་སྒྲུབ་དགོས་པ་སྟེ། དང་ཐོག<<ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས>>གསར་པ་ནུས་ཤུགས་ཡོད་རྒུས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས། ས་གནས་སྲིད་གཞུང་གི་ལྟ་སྐུལ་ལ་གཙོ་གནད་དུ་ཤུགས་སྣོན་བརྒྱབ་ནས་ས་གནས་སྲིད་གཞུང་གིས་འགན་འཁྲི་ཏན་ཏིག་འཁུར་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། འབྱུང་རྩ་ནས་གཏན་འགོག་བྱ་རྒྱུ་དང་། བརྒྱུད་རིམ་ཁྲོད་ནན་འགོག་བྱ་རྒྱུ།འབྲས་ངན་ཐོན་པར་ཉེས་ཆད་དྲག་པོ་གཅོད་རྒྱུ་བཅས་མཐའ་འཁྱོངས་བྱས་ཏེ་ཁྲིམས་འགལ་ཁེ་ལས་ལ་ཞིབ་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁྲིམས་འཛིན་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་འཛིན་འགན་འཁྲི་སྔར་བས་ཁ་གསལ་བཟོས་ནས་རང་འདོད་བཞིན་ཁྲིམས་འཛིན་པ་དང་ཁྲིམས་འཛིན་ལ་ཞིབ་ཆ་མེད་པ་སོགས་བྱེད་དགོས་པ་མི་བྱེད་པ་དང་གང་བྱུང་དུ་བྱེད་པའི་སྣང་ཚུལ་སྔོན་འགོག་ནུས་ལྡན་བྱེད་དགོས། ཁོར་ཡུག་གི་ཆ་འཕྲིན་ཁྲིམས་ལུགས་ལྟར་ཡོངས་བསྒྲགས་བྱེད་པ་དང་སྤྱི་དམངས་ཐེ་ཞུགས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་དབང་དང་། ཐེ་ཞུགས་བྱེད་དབང་། ལྟ་སྐུལ་བྱེད་དབང་། ཐེར་འདོན་བྱེད་དབང་བཅས་འགན་སྲུང་ཏན་ཏིག་བྱེད་དགོས་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།