འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་ཡོན་ལེང་ཞའོ་ཧུང་གིས་རང་རྒྱལ་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཆེ་ཤོས་རྒྱང་སྐྱོད་ཨང་ལྔ་པ་
    རྟགས་ཅན་མི་རིང་བར་འཕེན་གཏོང་བྱ་རྒྱུ་རེད་ཅེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་09ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

     
         མི་དམངས་དྲ་བའི་འཕྲིན།རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མཁའ་འགྲུལ་ཚན་རྩལ་ཚོགས་པ་ཀྲུང་གོ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ལག་རྩལ་ཞིབ་འཇུག་ཁང་གི་ཏང་ཨུད་ཧྲུའུ་ཅི་ལེང་ཞའོ་ཧུང་གིས་ཚོགས་འདུ་གཉིས་འཚོགས་རིང་། རང་རྒྱལ་གྱི་མེ་ཤུགས་འཕུར་མདའི་ཁྲོད་ཀྱི་ཐོན་གསར་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཆུང་གྲས་ཏེ། རྒྱང་སྐྱོད་ཨང་བཅུ་གཅིག་པ་རྟགས་ཅན་མེ་ཤུགས་འཕུར་མདའ་འདི་ལོ་ཐོག་མར་འཕེན་གཏོང་བྱ་རྒྱུ་ཡིན་པ་དང་། རྒྱང་སྐྱོད་ཨང་བདུན་པ་རྟགས་ཅན་མེ་ཤུགས་འཕར་མདའ་ཐོག་མར་འཕེན་གཏོང་བྱ་རྒྱུ་དེ་མཐའ་མའི་འཕེན་གཏོང་དུས་མཚམས་སུ་སླེབས་པ། རྒྱང་སྐྱོད་ཨང་ལྔ་པ་རྟགས་ཅན་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་མི་རིང་བར་ཧའེ་ནན་འཕེན་གཏོང་བྱེད་ཡུལ་ནས་འཕེན་གཏོང་བྱ་རྒྱུ་ཡིན་པ།“བར་སྣང་གི་བར་སྐྱེལ་འཁོར་ལོ”ཞེས་འབོད་པའི་རིང་སྐྱོད་ཨང་དང་པོ་རྟགས་ཅན་དེའང་མི་རིང་བར་འཕེན་གཏོང་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ལེང་ཞའོ་ཧུང་གིས་རྒྱང་སྐྱོད་ཨང་བཅུ་གཅིག་པ་རྟགས་ཅན་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ནི་རང་རྒྱལ་གྱིས་ཞིབ་བཟོ་བྱས་པའི་སྲ་གཟུགས་ཀྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཐོག་མ་དེ་ཡིན་པ་དང་། ད་ལྟ་སྤྱོད་བཞིན་པའི་གཤེར་གཟུགས་སྐུལ་རྒྱུ་སྒུལ་ཤུགས་སུ་བྱས་པའི་རྒྱང་སྐྱོད་རྟགས་ཅན་གྱི་མེ་ཤུགས་འཕུར་མདའ་དག་དང་བསྡུར་ཚེ་དེའི་འཕེན་གཏོང་དུས་ཚོད“ཟླ་བ”ནས“ཆུ་ཚོད”བར་ཐུང་དུ་ཕྱིན་པ་དེས་རང་རྒྱལ་གྱིས་མགྱོགས་མྱུར་བར་སྣང་དུ་བརྒྱུད་སྐྱེལ་བྱེད་པའི་ ནུས་པ་ཆེས་ཆེར་འགྲོ་རྒྱུ་ཡིན་པ་དང་དེའི་ལེགས་ཆ་ཆེ་ཤོས་ནི“མགྱོགས་པ་དང་། སྟབས་བདེ་བ།སྤྱོད་བདེ་བ”ཡིན་ཞིང་། སྲུང་སྐར་གྱིས་མགྱོགས་མྱུར་དྲ་རྒྱ་བསྐྲུན་པ་དང་ཁ་གསབ་བྱེད་ཐུབ་ཀྱི་ཡོད་པར་བརྟེན་རང་བྱུང་གནོད་འཚེ་དང་ཐོལ་བྱུང་དོན་རྐྱེན་སོགས་འཕྲལ་སྡོམ་འཕེན་གཏོང་གི་དགོས་མཁོ་ཡག་པོ་སྐོང་ཐུབ་ཀྱི་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
         མིག་སྔར་རྒྱང་སྐྱོད་ཨང་བཅུ་གཅིག་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་ཞིབ་བཟོའི་དུས་མཚམས་ཀྱི་ལས་དོན་ཁག་ལེགས་གྲུབ་ཟིན་ནས་ཐོག་མར་འཕེན་གཏོང་གོང་གི་མཐའ་མའི་གྲ་སྒྲིག་དུས་མཚམས་སུ་སླེབས་ཡོད་པ་རེད།
         གཞན་ཡང་། ལེང་ཞའོ་ཧུང་གིས་ཐོན་གསར་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འབྲིང་གྲས་རྒྱང་སྐྱོད་ཨང་བདུན་པ་རྟགས་ཅན་དེ་འདི་ལོའི་ལོ་མཇུག་ཏུ་རྒྱང་ཚོར་ཨང་དང་པོ་རྟགས་ཅན་གྱི་སྤྱིའི་སྒྲིག་སྦྱོར་ལེགས་གྲུབ་ཟིན་བཟོ་ཡོད་པ་དང་། མིག་སྔར་ཐོག་མར་འཕེན་གཏོང་གོང་གི་མཐའ་མའི་གྲ་སྒྲིག་དུས་མཚམས་སུ་སླེབས་ཡོད་ཅེས་གསུངས་པ་རེད།
         ལེང་ཞའོ་ཧུང་གིས། མིག་སྔའི་རང་རྒྱལ་གྱི་ཞིབ་བཟོའི་གཞི་ཁྱོན་ཆེ་ཤོས་དང་ལག་རྩལ་བར་བརྒལ་མཐོ་ཤོས་ཀྱི་མཁའ་འགྲུལ་སྐྱེལ་འདྲེན་མ་ལག་ལས་གྲྭ་སྟེ། རྒྱང་སྐྱོད་ཨང་ལྔ་པ་རྟགས་ཅན་གྱི་མེ་ཤུགས་འཕུར་མདའ་མི་རིང་བར་ཧའེ་ནན་འཕེན་གཏོང་བྱེད་ཡུལ་དུ་སྟོན་ནས་དེ་བཟོས་ཚུན་གྱི“དངོས་འཐབ་ནང་སྦྱོང”ཐོག་མ་དེ་བྱ་རྒྱུ་རེད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།