འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་9ཉིན།
  • མི་དམངས་དྲ་བ།>>བོད་ལྗོངས།

    ༄༅།།ཀྲུང་གོས་ཤིང་ཏ་ལའི་ལོ་མའི་གླེགས་བམ་སམ་བོད་རྒྱ་དབྱིན་ཤན་སྦྱར་ཚིག་མཛོད་བསྒྲིག་རྩིས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་09ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

     
    ༄༅།།ཀྲུང་གོས་ཤིང་ཏ་ལའི་ལོ་མའི་གླེགས་བམ་སམ་བོད་རྒྱ་དབྱིན་ཤན་སྦྱར་ཚིག་མཛོད་བསྒྲིག་རྩིས་ཡོད་པ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3་ཚེས་2་ཉིན། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་གླིང་གི་གླིང་གཙོ་གཞོན་པ། ཏ་ལའི་ལོ་མའི་གླེགས་བམ་ཞིབ་འཇུག་སོའོ་ཡི་སོའོ་ཀྲང་འབྲོང་བུ་ཚེ་རིང་རྡོ་རྗེ་ལགས་ཀྱིས་ཤིན་ཧྭ་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་དུས་ཁོང་གིས་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་གླིང་ཤིང་ཏ་ལའི་ལོ་མའི་གླེགས་བམ་ཞིབ་འཇུག་སོའོ་ཡིས་འདི་ལོ་ནས་བཟུང་ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་དང་བོད་རིག་པ་ཞིབ་འཇུག་ལྟེ་གནས། པེ་ཅིང་སློབ་ཆེན། ཆིང་ཧྭ་སློབ་ཆེན་སོགས་རྒྱལ་ནང་གི་ཞིབ་འཇུག་སྟོབས་ཤུགས་དང་མཉམ་འབྲེལ་སྒོས་ལེགས་སྦྱར་དང་བོད་ཡིག རྒྱ་ཡིག དབྱིན་ཡིག་ཤན་སྦྱར་བའི་ཏ་ལའི་ལོ་མའི་གླེགས་བམ་ཚིག་མཛོད་ཅིག་བསྒྲིག་འཆར་ཡོད་ལ། འདི་ནི་ང་ཚོའི་2015ལོའི་ནང་གི་ལས་ཀ་གལ་ཆེ་ཤོས་ཡིན་པ་དང་ཚོགས་ཆེན་གཉིས་ཀྱི་རྗེས་སུ་སྡེ་ཁག་འདི་དག་དང་འབྲེལ་བ་བྱས་ནས་གྲོས་སྡུར་བྱེད་རྩིས་ཡོད་པ་མ་ཟད། དེ་དང་སྦྲགས་སྐབས་གསར་པའི་ཏ་ལའི་ལོ་མའི་གླེགས་བམ་འཚོལ་བསྡུ་བྱ་བར་གྲ་སྒྲིག་དང་། དེ་མིན་ཏ་ལའི་ལོ་མའི་ཕྱག་དཔེར་ཞིབ་འཇུག་བྱེད་པའི་ཤེས་ལྡན་མི་སྣ་ཧ་ཅང་དཀོན་པས། སྔར་ལས་ལྷག་པའི་སྒོ་ནས་འབྲེལ་ཡོད་ཀྱི་ཞིབ་འཇུག་གང་ལེགས་སྒོས་སྐུལ་སྤེལ་བྱེད་ཆེད་ངེས་པར་དུ་འབྲེལ་ཡོད་རྒྱུན་ཤེས་ངོ་སྤྲོད་གནང་བའི་་ཚིག་མཛོད་ཅིག་ཀྱང་བསྒྲིག་དགོས་ཅེས་བཤད།
        ཏ་ལའི་ལོ་མའི་གླེགས་བམ་ནི་ཤིང་ཏ་ལའི་ལོ་མའི་སྟེང་དུ་བྲིས་པའི་ཆོས་གཞུང་ལ་ཟེར་ཞིང་།དེ་ནི་སྟོན་པ་ཤཱཀྱ་ཐུབ་པའི་དགོངས་པ་དང་ཆེས་ཆེར་ཉེ་བའི་ཆོས་གཞུང་དུ་ངོས་འཛིན་བྱེད་ཀྱིན་ཡོད་ལ། ནང་དོན་མང་ཆེ་ཤོས་ལེགས་སྦྱར་སྐད་དུ་བྲིས་པའི་སངས་རྒྱས་ཆོས་ལུགས་ཀྱི་བཀའ་དང་དགོངས་འགྲེལ་དང་། དེ་ལས་གཞན་ད་དུང་རྩོམ་རིག་དང་སྒྱུ་རྩལ། མཚན་ཉིད་རིག་པ། ལོ་རྒྱུས། གསོ་རིག སྐར་རྩིས། གནམ་རིག་ལ་སོགས་པའི་སྐོར་ཡང་ཡོད་པས་ཡ་གླིང་ལྷོ་མ་དང་དབུས་མའི་རིག་གནས་བརྒྱུད་སྤེལ་དང་ལོ་རྒྱུས་འཕེལ་རྒྱས་ལ་རྒྱུས་ལོན་བྱེད་པར་ཕན་ནུས་གལ་ཆེན་ལྡན་པ་རེད། རང་བྱུང་ཁོར་ཡུག་དང་ལོ་རྒྱུས་ཀྱི་རྒྱུ་རྐྱེན་གྱི་དབང་གིས་ཏ་ལའི་ལོ་མའི་གླེགས་བམ་གྱི་འབྱུང་ཁུངས་སུ་གྱུར་བའི་རྒྱ་གར་དང་བལ་བོ་རུ་ད་ལྟ་ཏ་ལའི་ལོ་མའི་གླེགས་བམ་གྱི་རྗེས་ཤུལ་རྙེད་ཐབས་བྲལ་བ་དང་། མིག་སྔར་བོད་ལྗོངས་ནི་འཛམ་གླིང་དུ་ཏ་ལའི་ལོ་མའི་གླེགས་བམ་ཉར་ཚགས་བྱས་བ་ཆེས་མང་བ་དང་ཧ་ཅང་སྣ་འཛོམས་ཡིན་པའི་ས་ཁུལ་ཞིག་ཡིན།2006ལོར་ཀྲུང་གོ་སྲིད་གཞུང་གིས་མིག་སྔར་གཞི་རྒྱ་ཆེས་ཆེ་བའི་བོད་ལྗོངས་ཀྱི་ཤིང་ཏ་ལའི་ལོ་མའི་གླེགས་བམ་འཚོལ་བསྡུ་བྱེད་འགོ་ཚུགས་ནས་ལོ་ངོ་6གི་འབད་བརྩོན་བརྒྱུད་དེ་བོད་ལྗོངས་སུ་ཤིང་ཏ་ལའི་ལོ་མའི་གླེགས་བམ་རིགས་སྟོང་ལྷག་གམ་ཤོག་ལྷེ་ཁྲི་6ལ་ཉེ་བ་འདུག་པ་གསལ་རྟོགས་བྱུང་ཞིང་། དེ་དག་ལོ་ངོ1000ལྷག་གི་ཡར་སྔོན་དུ་དེབ་གཟུགས་སུ་བཅོས་བ་དང་། དེ་དག་གི་ཁྲོད་དུ་དཔེ་རྒྱུན་དཀོན་པོ་དང་གནའ་དཔེ་རྩ་ཆེན། དཔེ་དེབ་རྩ་ཆེན་མི་ཉུང་བ་ཡོད་པ་མ་ཟད། ལ་ལར་ད་རག་བར་ད་དུང་བོད་འགྱུར་དང་རྒྱ་འགྱུར་ཡོད་མེད་ཤེས་གྱིན་མི་འདུག
          2013ལོའི་ཟླ་12པར་བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་དུ་ཤིང་ཏ་ལའི་ལོ་མའི་གླེགས་བམ་ཞིབ་འཇུག་སོའོ་བཙུགས་པ་དང། དེ་ནི་ཀྲུང་གོའི་ཤིང་ཏ་ལའི་ལོ་མའི་ཕྱག་དཔེར་ཆེད་དུ་ཞིབ་འཇུག་བྱེད་པའི་སྡེ་ཁག་ཐོག་མར་གྱུར། 
         འབྲོང་བུ་ཚེ་རིང་རྡོ་རྗེ་ལགས་ཀྱིས་2015ལོར་གསར་དུ་བསྒྲུབས་པའི་དུས་དེབ་༼བོད་ལྗོངས་ཀྱི་ཏ་ལིའ་ལོ་མའི་གླེགས་བམ་ཞིབ་འཇུག༽འདི་ནི་ཀྲུང་གོའི་ཆེད་དམིགས་ཀྱིས་ཏ་ལའི་ལོ་མའི་ཕྱག་དཔེར་ཞིབ་འཇུག་བྱེད་པའི་དུས་དེབ་ཐོག་མ་ཡིན་ལ།ཏ་ལའི་ལོ་མའི་ཕྱག་དཔེར་ཞིབ་འཇུག་བྱེད་པའི་བྱ་བ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་དང་ཞིབ་འཇུག་མི་སྣར་རིག་གཞུང་བགྲོ་གླེང་གི་སྟེགས་བུ་ཞིག་བསྐྲུན་རྒྱུ་ནི་དུས་དེབ་འདི་ཉིད་བསྒྲུབས་པའི་དམིགས་ཡུལ་གྲས་ཀྱི་གཅིག་ཀྱང་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།