འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་ཕུན་ཚོགས་ཀྱིས་2015ལོར“འཛམ་གླིང་དབུ་རྩེའི་ཡང་རྩེ”མངའ་རིས་སུ་གཅིག་སྡུད་
    ངང་དྲོད་རླངས་མཁོ་འདོན་གྱི་ལས་གྲྭ་ལག་བསྟར་བྱེད་འགོ་
    ཚུགས་རྒྱུ་རེད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་08ཉིན། 16:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་མངའ་རིས་ས་ཁུལ་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཕུན་ཚོགས་ཀྱིས་གསར་འགོད་པར་མངའ་རིས་ས་ཁུལ་སེང་གེ་ཁ་འབབ་གྲོང་རྡལ་གྱི་དྲོད་རླངས་གཅིག་སྡུད་མཁོ་འདོན་གྱི་ལས་གྲྭ་དེ་ད་ལོའི་དབྱར་ཁར་འགོ་འཛུགས་རྒྱུ་དང་སྔོན་དཔག་བྱས་ན་ལོ་གཉིས་ནང་ལས་མཇུག་འགྲིལ་རྒྱུ་ཡིན་པས་སྐབས་དེར་གྲོང་མི་ཁྲི་2.5ལ་ཕན་པ་ཐོབ་རྒྱུ་དང་མངའ་རིས་ནི་ལྷ་ས་ཕུད་པའི་བོད་ཀྱི་གྲོང་ཁུལ་དུ་དྲོད་རླངས་གཅིག་སྡུད་ཐོག་མཁོ་འདོན་བྱེད་པའི་ས་ཁུལ(གྲོང་ཁྱེར)གཉིས་པར་འགྱུར་རྒྱུ་རེད་ཅེས་བཤད་བྱུང་།
         ས་བབ་མཐོ་ཚད་སྨི་4500ཡན་ཟིན་པ་དང་ལོའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་0ལས་མེད་པའི་བོད་ཀྱི་ནུབ་རྒྱུད་དུ་གནས་པའི་མངའ་རིས་ལ“འཛམ་གླིང་དབུ་རྩེའི་ཡང་རྩེ”ཞེས་པའི་བརྗོད་ཚུལ་ཡོད། སེང་གེ་ཁ་འབབ་གྲོང་རྡལ་ནི་མངའ་རིས་ས་ཁུལ་གྱི་སྲིད་འཛིན་ཀུང་ཧྲུའུ་གནས་ཡུལ་ཡིན་ལ་ས་ཁུལ་དེ་གའི་མི་འབོར་མང་ཤོས་ཀྱི་ས་ཆའང་ཡིན་པས་ས་ཁུལ་ཡོངས་ཀྱི་གྲོང་རྡལ་གྱི་མི་འབོར་གྱི་ཕྱེད་ཀ་ཙམ་ཟིན་ཡོད་པ་རེད།
         “མངའ་རིས་ས་ཁུལ་དུ་དགུན་དུས་རིང་གྲང་ངར་ཆེ་བས་བོད་ཀྱིས་དྲོད་རླངས་གཅིག་སྡུད་ཐོག་མཁོ་འདོན་བྱེད་པའི་གནད་དོན་ཐག་གཅོད་བྱེད་དགོས་པའི་ས་ཁུལ(གྲོང་ཁྱེར)གྱི་གྲས་ཤིག་རེད”ཅེས་ཕུན་ཚོགས་ཀྱིས་བཤད། ཁོང་གིས་མིག་སྔར་གཙོ་གནད་ཀྱི་དམངས་འཚོའི་འདུ་འགོད་དེའི་དུས་འགོའི་འཆར་འགོད་བཟོས་ཟིན་པ་མ་ཟད། ཞིབ་བཤེར་ཆོག་མཆན་ཡང་ཐོབ་ནས་མ་འཇོག་དང་། ནུས་རྒྱུ་འགན་ལེན། ལག་རྩལ་ཆ་རྐྱེན་སོགས་ཚང་མར་རིགས་གཅིག་མཁས་ཅན་གྱིས་རིགས་པས་ཁུངས་སྐྱེལ་ནན་པོ་བྱས་ཡོད། ལས་གྲྭ་དེ་སུས་འཇོན་དེ་འགུགས་དང་སུས་འཇོན་དེ་ལེན་གྱི་དུས་མཚམས་སུ་སླེབས་ཡོད་ཅེས་བཤད་པ་རེད།
         གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། མངའ་རིས་ས་ཁུལ་གྱི་ས་ཁམས་དང་གནམ་གཤིས་ཀྱི་ཆ་རྐྱེན་ཞན་པས་དྲོད་རླངས་གཅིག་སྡུད་ཐོག་མཁོ་འདོན་བྱེད་པའི་ལག་རྩལ་གྱི་དཀའ་གནད་ཆེ་བ་དང་མ་གནས་ཀྱང་ཤིན་ཏུ་མཐོ། དུས་ཡུན་རིང་པོའི་ནང་མངའ་རིས་སུ་འཚོ་བ་སྐྱེལ་མཁན་མི་སེར་རྣམས་ལྕི་བ་དང་། བུད་ཤིང་། རྡོ་སོལ། གློག་ནུས་དྲོད་ལེན་ཡོ་བྱད་བཅས་ལ་བརྟེན་ནས་དྲོད་ཁུག་པ་བྱེད་ཀྱི་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། གནོད་མེད་རྡོ་སོལ་གྱིས་གཙོ་བོ་བྱེད་པའི་དྲོད་རླངས་གཅིག་སྡུད་ཐོག་མཁོ་འདོན་བྱེད་པའི་ལས་གྲྭ་དེ་དམངས་ཕན་འདུ་འགོད་ཅིག་ཡིན་པ་མ་ཟད། ཁོར་ཡུག་སྲུང་སྐྱོང་གི་འདུ་འགོད་གལ་ཆེན་ཞིག་ཀྱང་ཡིན་པས་དྲོད་རླངས་གཅིག་སྡུད་ཐོག་མཁོ་འདོན་ཐུབ་རྗེས་གྲོང་མིས་སྤོར་ཤིང་བཅད་ནས་བུད་ཤིང་བྱས་པ་ལས་སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་ཐེབས་ཚད་ཆེས་ཉུང་དུ་འགྲོ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།