འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་སློབ་གསོའི་དམངས་ཕན་སྲིད་ཇུས་ཀྱིས་དགེ་སློབ་མི་ཐེངས་ཁྲི་152ལྷག་
    ཙམ་ལ་ཕན་པ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་08ཉིན། 16:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་སློབ་གསོ་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། 2014ལོར་བོད་ལྗོངས་ཀྱིས་རོགས་དངུལ་སྤྲོད་པའི་སྲིད་ཇུས་དང་རྣམ་གྲངས་སྣ་ཚོགས་ཁྱོན་37དོན་འཁྱོལ་བྱས་ནས་རོགས་དངུལ་སྒོར་དུང་ཕྱུར་22.89སྤྲད་པར་དགེ་སློབ་མི་ཐེངས་ཁྲི་152.71ལ་ཕན་པ་ཐོབ་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཐིང་ཀྲང་མཱ་ཧྲེང་ཁྲང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2014ལོར་བོད་ལྗོངས་ཀྱིས་ལོ་བཅོ་ལྔའི་རིན་མེད་སློབ་གསོའི་སྲིད་ཇུས་ཀྱི་མ་དངུལ་སྒོར་དུང་ཕྱུར་4.19དོན་འཁྱོལ་བྱས་པར་དགེ་སློབ་མི་ཐེངས་ཁྲི་57.24ལ་ཕན་པ་ཐོབ་པ་དང་། “འགན་ལེན་གསུམ”(ཟ་མ་དང་། སྡོད་ཁང་། སློབ་ཡོན་བཅས་འགན་ལེན)གྱི་སློབ་རོགས་མ་དངུལ་སྒོར་དུང་ཕྱུར་14.92ཟིན་ནས་སློབ་མ་མི་ཐེངས་ཁྲི་52.5ལ་ཕན་པ་ཐོབ་པ། གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་འཚོ་བཅུད་ལེགས་གཏོང་འཆར་འགོད་མ་དངུལ་སྒོར་དུང་ཕྱུར་2.31ཟིན་ནས་སློབ་མ་མི་ཐེངས་ཁྲི་38.28ལ་ཕན་པ་ཐོབ་པ། མཐོ་རིམ་སློབ་གསོའི་རོགས་དངུལ་སྒོར་དུང་ཕྱུར་1.39ཟིན་ནས་སློབ་མ་མི་ཐེངས་ཁྲི་3.64ལ་ཕན་པ་ཐོབ་པ། སྤྱི་ཚོགས་ཀྱི་རོགས་དངུལ་སྣ་ཚོགས་སྒོར་ཁྲི་693.85ཟིན་ནས་སློབ་མ་མི་ཐེངས་ཁྲི་0.28ལ་ཕན་པ་ཐོབ་པ། ལྗོངས་ཕྱི་ནང་གི་ཆེད་ཚན་སློབ་གྲྭ་ཆེན་མོ་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་མའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་ཡོན་སྒོར་ཁྲི་111.22ཕྱིར་བསློགས་པར་སློབ་མ་མི་ཐེངས་ཁྲི་0.77ལ་ཕན་པ་ཐོབ་པ་བཅས་རེད།
         གཞན་ཡང་ངོ་སྤྲོད་བྱས་པར་གཞིགས་ན། 2014ལོར་བོད་ལྗོངས་ཀྱིས་དགེ་རྒན་གྱི་ལས་ཤག་སྡོད་ཁང་འགན་ལེན་མ་ལག་གི་ཁོངས་སུ་བཅུག་ནས་མ་དངུལ་སྒོར་དུང་ཕྱུར་3བཏང་སྟེ་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ལས་ཤག་2350བསྐྲུན་པའི་ཁར། གྲོང་གསེབ་ཀྱི་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྒོར་དུང་ཕྱུར་0.99སྤྲད་པར་དགེ་རྒན་མི་ཐེངས་ཁྲི་1.6ལ་ཕན་པ་ཐོབ་པ་དང་། དེ་དང་ཆབས་ཅིག་སྒོར་ཁྲི་182བཀོད་སྒྲིག་བྱས་ནས“དགེ་རྒན་གྱི་བྱམས་སྐྱོང་བྱ་སྤྱོད་འཆར་གཞི”ལག་བསྟར་བྱས་པ་མ་ཟད། སྒོར་ཁྲི་1135བཏང་ནས་སློབ་གྲྭ་194རུ“དགེ་བཟོའི་ཁྱིམ་གཞིས”བསྐྲུན་ནས་ལོ་ཧྲིལ་པོར་རིགས་ཁག་གི་དགེ་རྒན་མི་ཐེངས་2383ཁ་གསབ་བྱས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་སློབ་ཞུགས་གོང་གི་སློབ་གསོ་ནས་ཞིབ་འཇུག་སློབ་མའི་སློབ་གསོའི་བར་གྱི་རིམ་པ་ཚང་མར་བོད་ཀྱི་སློབ་གསོའི་སྲིད་ཇུས་ཁྱབ་ཡོད་ཅིང་། 2015ལོར་བོད་ཀྱིས“འགན་ལེན་གསུམ”དང་འཚོ་བཅུད་ལེགས་གཏོང་འཆར་གཞིའི་ཚད་གཞི་དང་གྲོང་གསེབ་ཀྱི་དགེ་རྒན་གྱི་འཚོ་བའི་ཁ་གསབ་ཚད་གཞི་མུ་མཐུད་མཐོ་རུ་བཏང་ནས་སློབ་གསོའི་དམངས་ཕན་སློབ་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བྱེད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།