འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།2015ལོའི་སྒྱུར་བཅོས་ཀྱི་ལྗིད་ཚད་ཇི་ཙམ་ཡོད།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་06ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། 2015ལོ་ནི་ཀྲུང་གོས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགག་རྩའི་ལོ་ཞིག་ཡིན། ཤིན་ཧྭ་དྲ་བའི་ཐོག་འཆར་ཅན་བཞིན་ཚོགས་འདུ་གཉིས་ཀྱི་གླེང་མང་བའི་བརྟག་དཔྱད་ཀྱི་གནས་ཚུལ་བཀོད་ཡོད་ཅིང་། ཟླ་3ཚེས་1ཉིན་གྱི་ཆུ་ཚོད་11བར་བརྟག་དཔྱད་ནང་ཞུགས་མཁན་དྲ་གྲོགས་ཁྲི་22ལས་བརྒལ་ཡོད་པ་རེད།
         རྒན་གསོ་དང་། སློབ་གསོ། སྡོད་ཁང་བཅས་ཀྱི་སྐོར་གླེང་ཉུང་དུ་ཕྱིན་པ་དང་སྒྱུར་བཅོས་ཀྱི་ཕན་འབྲས་རགས་ཙམ་ཐོན་པ།
         ཤིན་ཧྭ་དྲ་བའི་ཐོག་འདི་ལོའི་ཚོགས་འདུ་གཉིས་ཀྱི་བརྟག་དཔྱད་ནང་རུལ་རྒོལ་གཙང་སྤེལ་དང་། རྒན་གསོ་སྒྱུར་བཅོས། ཁྲིམས་ལྟར་རྒྱལ་སྐྱོང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་པ། དཔལ་འབྱོར་གྱི་རྒྱུན་རྣམ་གསར་པ། ལས་ཞུགས་ལས་གཏོད། ནོར་ཁྲལ་དངུལ་རྩ་སྒྱུར་བཅོས་སོགས་བརྗོད་གཞི་19ཡོད། སྔ་ལོ་དང་བསྡུར་ན་འདི་ལོ་དྲ་དམངས་ཀྱིས་རྒན་གསོ་དང་། སློབ་གསོ། སྡོད་ཁང་བཅས་སྒྱུར་བཅོས་ལ་དོ་སྣང་བྱེད་ཤུགས་ཆུང་དུ་ཕྱིན་ཡོད། བརྗོད་གཞི་19ཡི་ནང་སྡོད་ཁང་གི་སྒྱུར་བཅོས་དེ་4.86%ཟིན་ནས་ཨང་དགུ་པར་སླེབས་ཡོད། དེ་གོང་ལོ་ཤས་རིང་སྡོད་ཁང་སྐོར་གྱི་བརྗོད་གཞི་དེ་ཨང་དང་པོ་ཡིན། སློབ་གསོ་དྲང་གཞག་གི་བརྗོད་གཞི་དེ་དོ་ཁུར་བྱེད་ཚད་6.14%ཡི་ཐོག་ནས་ཨང་བདུན་པར་སླེབས་ཡོད། རྒན་གསོའི་སྒྱུར་བཅོས་དེ་སྔར་བཞིན་གླེང་མང་བའི་གནད་དོན་ཞིག་ཡིན་ནའང་སྔ་ལོ་དང་བསྡུར་ན་སྙོམས་པོ་ཡོད།
         ན་ནིང་ཁང་གོང་ལེགས་སྒྲིག་བྱས་པ་བརྒྱུད་ས་གནས་སྲིད་གཞུང་གིས་གཅིག་རྗེས་གཉིས་མཐུད་ངང་ཁང་གོང་གི་སྲིད་ཇུས་ལྷུག་ཏུ་བཏང་ཞིང་། ཁང་གོང་སྙོམས་སྒྲིག་ཐུབ་པ་དང་འགན་ལེན་རང་བཞིན་གྱི་སྡོད་ཁང་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་པ་དེས་ས་ཁང་བདག་ཁོངས་ཀྱི་ཁྲོམ་རར་རྒྱུན་རྣམ་གསར་པ་ཞིག་མངོན་པ་མཚོན་ལ། ས་གནས་སྲིད་གཞུང་གི་བསམ་བློ་ཡང་རིམ་བཞིན་ཚུལ་མཐུན་གྱི་ཕྱོགས་སུ་བསྐྱོད་པ་ར་སྤྲོད་བྱུང་ཡོད།
         སློབ་གསོའི་ཁྱབ་ཁོངས་ནང་ས་གནས་ཁག་གི་མཐོ་རྒྱུགས་སྒྱུར་བཅོས་ཇུས་འགོད་གཅིག་རྗེས་གཉིས་མཐུད་ངང་བཏོན་པ་དང་མཐོ་རྒྱུགས་སྒྱུར་བཅོས་ཀྱི་ཚོད་ལྟ་ཁྱབ་གདལ་བཏང་ཞིང་། ལུས་རྩལ་འགྲན་བསྡུར་གལ་ཆེན་ཐོག་བྱ་དགའ་ཐོབ་མཁན་དང་། ཞིང་ཆེན་རིམ་པའི་ཕུལ་བྱུང་སློབ་མ། ཨོ་ལིམ་ཕིག་གི་འགྲན་བསྡུར་ནང་བྱ་དགའ་ཐོབ་མཁན་སོགས་ཁག་དྲུག་གི་རྒྱལ་ཡོངས་རང་བཞིན་གྱི་མཐོ་རྒྱུགས་སྐར་སྣོན་རྣམ་གྲངས་མེད་པ་བཟོས་པ་སོགས་བྱ་ཐབས་རབ་དང་རིམ་པས་གནད་དོན་ཁག་གཅིག་ཐག་གཅོད་རགས་ཙམ་ཐུབ་ནས་མི་རྣམས་ཀྱིས་དེའི་ཁྲོད་ནས་སློབ་གསོ་སྒྱུར་བཅོས་དེ་ངོ་བོའི་རང་བཞིན་ཕྱོགས་སུ་གོམ་སྟབས་སྤོས་པ་མཐོང་ཡོད།
         གླེང་དགོས་པ་ཞིག་ལ། འདི་ལོའི་ཚོགས་འདུ་གཉིས་ཀྱི་བརྗོད་གཞིའི་ནང་རྒན་གསོའི་སྐོར་གྱི་བརྗོད་གཞིར་ཁྱད་ཆོས་གསར་པ་མངོན་ཞིང་། ལོ་མང་རིང་རྒན་གསོའི“ལམ་སྲོལ་གཉིས་ཀྱི་ལམ་ལུགས”མེད་པ་བཟོས་པ་དེ་དེ་སྔ་ཚོགས་འདུ་གཉིས་ཀྱི་ཐོག་གླེང་མང་ཤོས་ཀྱི་དམངས་འཚོའི་བརྗོད་གཞི་ཞིག་ཏུ་གྱུར་ཡོད། འདི་ལོའི་ལོ་སྟོད་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས<<ལས་ཁུངས་དང་བྱ་གཞག་ཚན་པའི་ལས་དོན་མི་སྣའི་རྒན་གསོ་འགན་བཅོལ་ལམ་ལུགས་སྒྱུར་བཅོས་བྱ་རྒྱུའི་སྐོར་གྱི་གཏན་འབེབས>>ཁྱབ་བསྒྲགས་བྱས་པར་བརྟེན་ལོ་མང་ཐག་གཅོད་མ་བྱུང་བའི་རྒན་གསོ་འགན་བཅོལ་གྱི“ལམ་སྲོལ་གཉིས་ཀྱི་ལམ་ལུགས”ཀྱི་གནད་དོན་ཐག་གཅོད་བྱུང་ཡོད། ལས་ཁུངས་དང་བྱ་གཞག་ཚན་པའི་ལས་མི་ཁྲི་4000ཙམ་གྱིས་རྒན་གསོར“གྲོས་བསྡུར་བྱེད་མི་དགོས་པའི”དུས་རབས་མཇུག་འགྲིལ་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཅིག་གྱུར་གྱི་རྒན་གསོ་འགན་བཅོལ་ལམ་ལུགས་བཙུགས་ཡོད།
         ཁྲིམས་ལྟར་རྒྱལ་སྐྱོང་དང་། ཏང་ནན་སྐྱོང་།“ཁུལ་གཅིག་དང་ལམ་གཅིག”བཅས་གླེང་མང་བའི་གནད་དོན་གསར་པར་གྱུར་པ་དེ་ཐོག་ནས་མི་དམངས་ཀྱིས་སྒྱུར་བཅོས་ལ་རེ་སྒུག་བྱེད་པ་མཚོན་པ། 
         འདི་ལོའི་ཚོགས་འདུ་གཉིས་ཀྱི་བརྟག་དཔྱད་ནང་ཁྲིམས་ལྟར་རྒྱལ་སྐྱོང་དང་། ཏང་ནན་སྐྱོང་། ཁོར་ཡུག་བཅོས་སྒྲིག་བཅས་སྐོར་གྱི་གྲོས་འགོ་མང་དུ་ཕྱིན་པ་དང་། དེ་དག་ཚང་མ་གླེང་མང་བའི་གནད་དོན་ནང་གི་ཨང་བཅུ་པར་སླེབས་ནས་དྲ་གྲོགས་18.5%ཡི་སྤ་སེ་ཐོབ་ཡོད། གཞན་ཡང“ཁུལ་གཅིག་དང་ལམ་གཅིག”ཀྱང་དྲ་དམངས་ཚོས་དོ་ཁུར་བྱེད་པའི་གླེང་གཞི་གསར་པ་ཞིག་ཏུ་གྱུར་ཡོད། གླེང་གཞི་གསར་པ་དེ་དག་ནི་ཏང་གི་འདོད་ཚུལ་དང་རྒྱལ་ཁབ་ཀྱི་འདུན་པ་ཡིན་ལ་མི་དམངས་ཀྱི་འདུན་པ་ཡང་ཡིན།
         2015ལོའི་ཟླ་1ཚེས་1ཉིན་གསར་དུ་བཟོ་བཅོས་བརྒྱབ་པའི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱས་པ་དང་དེ་ནིལོ་རྒྱུས་ཐོག་གི“ཆེས་ནན་ཤོས་ཀྱི”ཁོར་ཡུག་བཅའ་ཁྲིམས་ཤིག་ཡིན་པ་དང་། དེས་ཟུར་ཚད་མང་བའི་ཐོག་ནས་སྔོན་བྱུང་མྱོང་མེད་པའི་བཅོས་སྐྱོང་བྱེད་པ་མངོན་ཞིང་།“ཁྲིམས་ནན་པོར”བརྟེན་ནས་སྦགས་བཙོག་བཅོས་སྒྲིག་བྱས་པར་བརྟེན་མི་རྣམས་ཀྱིས་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྔར་བཞིན་སྲུང་སྐྱོང་བྱེད་པའི་བསམ་བློ་ཆེ་རུ་ཕྱིན་པ་དང་ཁོར་ཡུག་བཅོས་སྒྲིག་གི་བང་རིམ་6.43%གྱི་ཐོག་ནས་ཨང་ལྔ་པར་སླེབས་པ་དེ་ཡང་སླེབས་རིན་ཆོག་པ་ཞིག་ཡིན།
         སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ནང་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་རྒྱུ་དེ་བརྗོད་དོན་གཙོ་བོར་བཟུང་ཡོད་པ་དང་། 2015ལོ་ནི་ཀྲུང་གོས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་བའི་འགོ་ཚུགས་ཀྱི་ལོ་ཞིག་ཏུ་གྱུར་ཡོད། དམངས་ཚོགས་ཀྱིས་ཁྲིམས་སྐྱོང་རྒྱལ་ཁབ་ལ་རེ་སྒུག་བྱེད་པ་དེས་འདི་ལོའི་བརྟག་དཔྱད་ནང“ཁྲིམས་ལྟར་རྒྱལ་སྐྱོང”གི་བང་རིམ་དེ་ཨང་དྲུག་པར་སླེབས་ཡོད།
         རུལ་རྒོལ་གཙང་སྤེལ་དང་ཡོང་འབབ་བགོ་བཤའི་སྒྱུར་བཅོས་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་ཡོད།
         འདི་ལོའི་བརྟག་དཔྱད་གྲངས་གཞི་ལས་མངོན་པར།“རུལ་རྒོལ་གཙང་སྤེལ”བྱ་རྒྱུ་དེ་ཨང་གཉིས་པར་སླེབས་ཡོད།བརྗོད་གཞི་དེ་ཉེ་བའི་ལོ་བཅུ་ལྷག་ཙམ་ནང་ཚོགས་འདུ་གཉིས་ཀྱི་གླེང་མང་བའི་གནད་དོན་བརྟག་དཔྱད་ཁྲོད་ཨང་གསུམ་པ་ཡིན།“ཡོང་འབབ་བགོ་བཤའི”སྐོར་གྱི་གནད་དོན་དེ་ཉེ་བའི་ལོ་གསུམ་ནང་ཨང་གཉིས་པར་སླེབས་ཡོད་པ་དང་འདི་ལོ་ཨང་དང་པོར་སླེབས་ཡོད།
         དམངས་ཚོགས་ཀྱིས་རུལ་རྒོལ་གྱི་གནད་དོན་ལ་དོ་ཁུར་ཆེན་པོ་དེ་འདྲ་བྱེད་པར་ཡ་མཚན་རྒྱུ་མེད། བསྡོམས་རྩིས་བྱས་པར་གཞིགས་ན། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་དཔོན་རིགས་50ལྷག་ཙམ་ལ་བརྟག་དཔྱད་བྱས་ཤིང་། 2014ལོར“སྐོར་སྐྱོད་ལྟ་ཞིབ”བྱ་རྒྱུ་དེ་ཏང་ནང་ཁུལ་གྱི་ལྟ་སྐུལ་རྒྱུན་རྣམ་ཅན་གྱི་ཐ་སྙད་ཅིག་ཏུ་གྱུར་ཡོད་པ་དང་ཐོག་མཐའ་བར་གསུམ་དུ་མཐོན་པོར་དཔྱངས་བའི“རལ་གྲི་རྣོན་པོ”དེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྟེགས་བུ་གལ་ཆེན་ཞིག་ལ་གྱུར་ཡོད།
         རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གྲངས་གཞི་ལས་མངོན་པར། 2014ལོར་རྒྱལ་ཡོངས་ཀྱི་ཡུལ་མིའི་ཡོང་འབབ་ཀྱི་ཀེ་ནེའི་བཏགས་གྲངས་ནི་0.469ཡིན་པ་དང་ཀེ་ནེའི་བཏགས་གྲངས་དེ་2009ལོ་ནས་བཟུང་ལོ་6བསྟུད་མར་ཆག་ཡོད་ནའང་སྔར་བཞིན་རྒྱལ་སྤྱིའི་ཐོག་ཡོངས་བསྒྲགས་སུ་ཁས་ལེན་བྱེད་པའི་དབུལ་ཕྱུག་ཁྱད་པར་གྱི་ཉེན་ཟོན་ཐིག(0.4)ལས་བརྒལ་ཡོད་པ་དང་ཡོང་འབབ་ཀྱི་ཧེ་བག་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད་པས་སྔར་བཞིན་མཐོང་ཆེན་བྱེད་དགོས་པ་དང་དམངས་ཚོགས་ཀྱིས་སྔར་བཞིན་རེ་སྒུག་ཆེན་པོ་བྱེད་པས་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས་པ་མཚོན་གྱི་ཡོད།
         ཚོགས་འདུ་གཉིས་ཀྱི་དོ་གནད་ལས་འགྱུར་ལྡོག་ཕྲན་བུ་མངོན་པ་ནི་ཆར་བརྟག་ཡོ་བྱད་ཅིག་དང་འདྲ་བར་2014ལོའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི“འགོ་ཚུགས་ལོར”ཐོབ་པའི་དགེ་མཚན་ལྡན་པའི་གྲུབ་འབྲས་མངོན་པ་མ་ཟད། དམངས་ཚོགས་ཚོས་སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བའི“འགག་རྩའི་ལོར”རེ་སྒུག་བྱེད་པའང་མཚོན་གྱི་ཡོད། འདི་ལོ་སྲིད་འཛིན་མཆན་འགོད་ལམ་ལུགས་སྒྱུར་བཅོས་དང་། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས། སྔོན་རྩིས་དོ་དམ་སྒྱུར་བཅོས། དངུལ་རྩའི་སྒྱུར་བཅོས་གསར་གཏོད་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གི་སྒྱུར་བཅོས་ཀྱི་ནང་དོན་དུ་འཁོད་པ་དང་ཆབས་ཅིག་མི་སེར་དང་འབྲེལ་བ་དམ་ཟབ་ཡོད་པའི་སྒྱུར་བཅོས་མང་པོ་ཞིག་སྟེ་དཔེར་ན། སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་ཡུལ་གཞན་དུ་རྩིས་ཞུ་བྱེད་པ་དང་། ཕྱོགས་མིའི་ཡིག་ཚགས་གྲོན་དངུལ་མེད་པ་བཟོ་བ། ཐབས་ཇུས་ཡག་པོ་བཏོན་ཏེ་སྒྱུར་བཅོས་བྱེད་པ་སོགས་ཀྱང་ལག་ལེན་བསྟར་འགོ་ཚུགས་པ་ལྟ་བུ་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།