འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ཞིང་པ་ལས་མིར་གླ་ཆ་སྤྲོད་ཚུལ་ལ་ཆེད་དོན་མཉམ་འབྲེལ་ཞིབ་བཤེར་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་15ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༡༣ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུཊ་ཐོན་ཁུངས་དང་སྤྱི་ཚོཊ་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་བར། དེ་ཉིན་ནས་བཟུང་ཞིང་ཆེན་དེའི་ཁྱབ་ཁོངས་ཡོངས་སུ་ཞིང་པ་ལས་མིར་གླ་ཆ་སྤྲོད་ཚུལ་ལ་ཆེད་དོན་མཉམ་འབྲེལ་ཞིབ་བཤེར་བྱ་རྒྱུ་ཡིན་པ་རེད།
         ༢༠༡༤ལོའི་ཟླ་༡༡ཚེས་༡༢ཉིན་ནས་༢༠༡༥ལོའི་ཟླ་༢ཚེས་༦ཉིན་བར་ཆེད་དོན་ཞིབ་བཤེར་བྱ་རྒྱུ་ཡིན་ཞིང་། ཞིང་པ་ལས་མིའི་མི་སྤྱོད་ཚན་པ་ཁག་དང་ལྷག་པར་དུ་ཞིང་པ་ལས་མི་བསྡུ་མང་བའི་ཨར་སྐྲུན་དང་། གཏེར་རི། འགྲིམ་འགྲུལ། བཟའ་བཏུང་ཞབས་ཞུ་དང་དེ་བཞིན་ངལ་རྩོལ་འདུས་ཚད་ཆེ་བའི་ཁེ་ལས་དང་སྒེར་གཉེར་བཟོ་ཚོང་དུད་ཚང་ཆུང་འབྲིང་གིས་གླ་ཆ་སྤྲོད་པའི་འབྲེལ་ཡོད་གཏན་འབེབས་ལྟར་ཞིང་པ་ལས་མིར་གླ་ཆ་སྤྲོད་ཚུལ་དང་ཞིང་པ་ལས་མིས་ངལ་རྩོལ་གན་རྒྱ་འཇོག་ཚུལ་སོགས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱ་རྒྱུ་རེད། དེའི་རིང་ཞིང་ཆེན་དེའི་རིམ་ཁག་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་དང་། འཕེལ་སྒྱུར་ཨུ་ལྷན། སྤྱི་བདེ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། འགྲིམ་འགྲུལ། ཆུ་བེད། རྒྱལ་ཁབ་ས་ཆ། དཔལ་འབྱོར་ཚོང་དོན་ཨུ་ལྷན(རྒྱལ་ཁབ་གཞུང་ཁོངས་རྒྱུ་ནོར་དོ་དམ་ཨུ་ལྷན)བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན། བཟོ་ཚོགས་བཅས་ཀྱིས་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་བཙུགས་ཏེ་མི་སྤྱོད་ཚན་པ་གང་དེས་ཞིབ་བཤེར་བྱས་པའི་རྨང་གཞིའི་ཐོག་སྟོབས་ཤུགས་གཅིག་སྡུད་ཀྱིས་ལས་རིགས་དང་། ཁྱབ་ཁོངས། ཁེ་ལས་གལ་ཆེན་དང་དེ་བཞིན་ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་བྱས་པ་སོགས་ཀྱི་གནད་དོན་ལྷག་པའི་མི་སྤྱོད་ཚན་པ་རེ་རེ་བཞིན་ལ་ཞིབ་བཤེར་བྱས་ཏེ་གནད་དོན་ཤེས་མ་ཐག་དུས་ཐོག་ཏུ་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་གསལ། ད་རེས་ཆེད་དོན་ཞིབ་བཤེར་ལས་ཀའི་འགན་འཁྲི་ཁ་གསལ་བཟོས་ཏེ་ཆད་དངུལ་གཙང་སྤྲོད་ཡོང་བ་བྱ་རྒྱུ་ཡིན་ཞིང་། ལས་རིགས་ཀྱི་གཙོ་འགན་དོ་དམ་སྡེ་ཚན་གྱིས་འཛུགས་སྐྲུན་རྣམ་གྲངས་ཀྱི་གླ་ཆ་སྤྲོད་པར་ལྟ་སྡོམ་དང་ཆད་དངུལ་གཙང་སྤྲོད་ཀྱི་འགན་འཁུར་ཏེ་ཨར་སྐྲུན་ཁེ་ལས་ལ་དུས་ཐོག་ཏུ་ཞིང་པ་ལས་མིའི་གླ་ཆ་སྤྲོད་རྒྱུའི་སྐུལ་འདེད་གཏོང་རྒྱུ་དང་། འཛུགས་སྐྲུན་ཚན་པས་ལས་གྲྭའི་རྣམ་གྲངས་ཨར་སྐྲུན་བྱེད་པའི་ཐོབ་ཐང་མེད་པའི་མི་སྒེར་ལ་ཁག་བགོས་འགན་གཙང་སྤྲད་པའི་རྐྱེན་གྱིས་ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་ཀྱི་གནས་ཚུལ་ཐོན་ཚེ་འཛུགས་སྐྲུན་ཚན་པས་ཆད་འགྱངས་བྱས་པའི་གླ་ཆ་རྣམས་སྤྲོད་དུ་འཇུག་རྒྱུ། ཨར་སྐྲུན་འགན་གཙང་ཚང་མ་ལེན་མཁན་ཁེ་ལས་ཀྱིས་སྒྲུབ་འགན་གཙང་ལེན་བྱས་པའི་རྣམས་གྲངས་ཀྱི་གླ་ཆ་སྤྲོད་པའི་འགན་གཙོ་བོ་འཁུར་རྒྱུ།“འོས་ཐོབ་གཞན་ལ་གཡར་བ་དང་། གཞན་ལ་འགན་གཙང་སྤྲད་པ། ཁྲིམས་འགལ་ངང་ཁག་བགོས་འགན་གཙང་སྤྲད་པ་སོགས་ཀྱི་དབང་གིས་གླ་ཆ་ཆད་འགྱངས་བྱས་པའམ་ཡང་ན་ཁག་བགོས་འགན་གཙང་སྤྲད་པའི་གན་རྒྱའི་ནང་ནས་ལས་གྲྭའི་དངུལ་སྤྲད་ཟིན་ནའང་ཁག་བགོས་འགན་གཙང་ལེན་མཁན་ཁེ་ལས་ཀྱིས་གླ་ཆ་སྔར་བཞིན་ཆད་འགྱངས་བྱས་རིགས་ཨར་སྐྲུན་འགན་གཙང་ཚང་མ་ལེན་མཁན་ཁེ་ལས་ཀྱིས་ཆད་འགྱངས་བྱས་པའི་གླ་ཆ་རྣམས་ཐད་ཀར་སྤྲོད་པའམ་ཡང་ན་སྔ་འདོན་བྱེད་དགོས་པ་ལས། ལས་གྲྭ་ནར་འགྱངས་བྱས་པར་ཁ་གཡར་ཏེ་ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་བྱེད་དུ་མི་འཇུག་རྒྱུ། དཔལ་འབྱོར་རྩོད་གཞི་དང་འབྲེལ་བ་ཡོད་ཅིང་། ཁྲིམས་ཁང་གིས་བདག་སྤྲོད་དང་འདུམ་འགྲིག་བྱེད་པའི་ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་ཀྱི་གྱོད་གཞི་ཡིན་རིགས་ས་ཆ་དེ་གའི་ཁྲིམས་ཁང་དང་མཐུན་སྦྱོར་བྱས་ཏེ་གང་མགྱོགས་མཇུག་འགྲིལ་རྒྱུ། འདུམ་འགྲིག་གི་འདུན་ཞུ་བྱས་པའི་ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་ཀྱི་རྩོད་གཞིའི་གྱོད་གཞི་ཐག་གཅོད་བྱེད་སྐབས“འཕྲལ་དུ་བདག་སྤྲོད་དང་། འདྲི་ཞིབ། ཁྲུན་གཅོད”བཅས་ཀྱི་རྩ་དོན་ལྟར་དུས་ཐོག་ཏུ་བདག་སྤྲོད་བྱས་ནས་འདུམ་འགྲིག་སྔ་ཙམ་ཡོང་བ་བྱ་རྒྱུ། ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་བྱས་པའི་གྱོད་གཞི་གལ་ཆེན་ཐག་གཅོད་བྱེད་སྐབས་སྤྱི་བདེ་དང་ཁྲིམས་འཛིན་སྡེ་ཚན་དང་མཉམ་ལས་བྱས་ཏེ་ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་བཅས་ཡིན་པ་རེད།
         དེ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ས་ཁུལ་ཁག་ལ་ཆད་དངུལ་གཙང་སྤྲོད་ཀྱི་ལས་ཀའི་བརྡ་ཁྱབ་གཏོང་བའི་ལམ་ལུགས་དང་ཆད་གཅོད་བསླབ་འདོམས་ལམ་ལུགས་བཟོས་ནས་ཞིང་པ་ལས་མིའི་གླ་ཆ་ཆད་པ་གཙང་སྤྲོད་ཀྱི་གནས་ཚུལ་དུས་ཐོག་ཏུ་བརྡ་ཁྱབ་གཏོང་དགོས་པ་དང་གླ་ཆ་མི་སྤྲོད་མཁན་དང་ཁག་འགན་དཀྲི་རེས་དང་གཞོགས་འདེགས་མི་བྱེད་མཁན་གྱི་མི་སྤྱོད་ཚན་པར་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་ཆད་པ་ནན་པོ་སྤྱོད་རྒྱུ་མ་ཟད། ཆད་དངུལ་གཙང་སྤྲོད་ཀྱི་ལས་དོན་དོན་འཁྱོལ་ཡོང་བ་བྱེད་དགོས། འགན་འཁྲི་ནན་ཏན་མི་འཁུར་བའི་དབང་གིས་མཇུག་འབྲས་ཚབས་ཆེན་བཟོ་མཁན་ཁེ་ལས་དང་མི་སྒེར་ཡིན་ཕྱིན་ལས་རིགས་ཀྱི་གཙོ་འགན་དོ་དམ་སྡེ་ཚན་ལ་བརྡ་ཁྱབ་གཏོང་རྒྱུ་དེ་ཁེ་ལས་ཀྱི་ཡིད་རྟོན་རིམ་པ་དཔྱད་འཇོག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ལ་བརྩི་རྒྱུ་ཡིན་པའི་བླང་བྱ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།