འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།>>ཞིས་ཅིན་ཕིང་།4

    ༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་01ཉིན། 09:04】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། 《ཏང་འཛུགས་སྐྱོང་ལམ་ལུགས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》དང་།《ཀྲུང་དབྱང་ནས་དོ་དམ་བྱེད་པའི་ཁེ་ལས་འགན་འཁུར་མི་སྣའི་གླ་ཕོགས་ལམ་ལུགས་སྒྱུར་བཅོས་ཀྱི་ཇུས་གཞི》《ཀྲུང་དབྱང་ཁེ་ལས་འགན་འཁུར་བའི་འགན་སྒྲུབ་ཐོབ་ཐང་དང་ལས་སྒོའི་གཏོང་སྒོ་ལུགས་མཐུན་གཏན་འཁེལ་དང་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》《རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཅས་ལ་གྲོས་ཞིབ་བྱས་པ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་29ཉིན་གློག་འཕྲིན་འབྱོར་གསལ།ཟླ་8ཚེས་29ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས《ཏང་འཛུགས་སྐྱོང་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》དང་།《ཀྲུང་དབྱང་ནས་དོ་དམ་བྱེད་པའི་ཁེ་ལས་འགན་འཁུར་མི་སྣའི་གླ་ཕོགས་ལམ་ལུགས་སྒྱུར་བཅོས་ཀྱི་ཇུས་གཞི》《ཀྲུང་དབྱང་ཁེ་ལས་འགན་འཁུར་བའི་འགན་སྒྲུབ་ཐོབ་ཐང་དང་ལས་སྒོའི་གཏོང་སྒོ་ལུགས་མཐུན་གཏན་འཁེལ་དང་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》《རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
        ཚོགས་འདུའི་ཐོག་ནན་བཤད་བྱས་དོན།ཏང་གི་རྩ་འཛུགས་ལམ་ལུགས་སྒྱུར་བཅོས་ཀྱི་གཙོ་གནད་ནི་དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་ཏང་ནང་གི་འཚོ་བ་ནན་དུ་བཏང་ནས་ཏང་ནང་གི་དམངས་གཙོའི་ལམ་ལུགས་མ་ལག་སྔར་བས་འཐུས་ཚང་དང་ལེགས་སུ་གཏོང་རྒྱུ་དེ་ཡིན།ལས་བྱེད་པའི་མི་དོན་ལམ་ལུགས་སྒྱུར་བཅོས་ཐད་ཚན་རིག་དང་མཐུན་པ་དང་སྤྱོད་གོ་ཆོད་པའི་མི་འདེམས་མི་སྤྱོད་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུའི་ཐད་གཞོལ་དགོས་པ་དང་།ལམ་ལུགས་སྒྱུར་བཅོས་དང་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་ཡུན་རིང་གནས་པའི་དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་བྱས་ཏེ་ཕྱོགས་ཁག་གི་ཕུལ་བྱུང་ལས་བྱེད་པ་ཐོན་ཐུབ་པ་བྱེད་དགོས།ཤེས་ལྡན་མི་སྣའི་ལས་དོན་གྱི་འགོ་ཁྲིད་སྒྲིག་སྲོལ་དང་ལས་ཀའི་རྣམ་པ་འཐུས་ཚང་དུ་བཏང་ནས་རྒྱལ་སྤྱིའི་འགྲན་རྩོད་ལྡན་པའི་ཤེས་ལྡན་པའི་ལམ་ལུགས་ཀྱི་ལེགས་ཆ་ཆགས་པ་བྱེད་པ་དང་ཕྱོགས་ཁག་གི་ཕུལ་བྱུང་ཤེས་ལྡན་པ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ནང་གཅིག་སྡུད་ཐུབ་པ་བྱེད་དགོས།
        ཚོགས་འདུའི་ཐོག་བསྟན་དོན།གཞུང་ཁོངས་ཁེ་ལས་དང་ལྷག་པར་དུ་ཀྲུང་དབྱང་ནས་དོ་དམ་བྱེད་པའི་ཁེ་ལས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་རྒྱལ་དམངས་དཔལ་འབྱོར་གྱི་འཕར་རྩ་དང་འབྲེལ་བ་ཡོད་པའི་ལས་རིགས་གཙོ་བོ་དང་འགག་རྩའི་ཁྱབ་ཁོངས་སུ་བཀོལ་སྤྱོད་ཀྱི་གནས་བབ་བཟུང་ཡོད་པ་མ་ཟད།རྒྱལ་དམངས་དཔལ་འབྱོར་གྱི་ཀ་རྟེན་གལ་ཆེན་ཞིག་ཡིན་ལ་ང་ཚོའི་ཏང་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་སྲིད་དབང་གི་དཔལ་འབྱོར་རྨང་གཞིའི་ཁྲོད་དུ་ཀ་རྟེན་ལྟ་བུའི་ནུས་པ་ཐོན་པས་ལས་དོན་དེ་ངེས་པར་དུ་ཡག་པོ་སྒྲུབ་དགོས།ཀྲུང་དབྱང་ནས་དོ་དམ་བྱེད་པའི་ཁེ་ལས་འགན་འཁུར་མི་སྣའི་གླ་ཕོགས་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་དེ་ནི་ཀྲུང་དབྱང་ཁེ་ལས་ཀྱིས་དེང་རབས་ཁེ་ལས་ལམ་ལུགས་འཛུགས་རྒྱུ་དང་།ཡོང་འབབ་བགོ་བཤའི་སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་གཏོང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་ཁེ་ལས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་དང་ལུགས་དང་མཐུན་ལ་གོ་རིམ་ལྡན་པའི་ཡོང་འབབ་བགོ་བཤའི་རྣམ་པ་ཆགས་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
        ཚོགས་འདུའི་ཐོག་ནན་བཤད་བྱས་དོན།གཞུང་ཁོངས་ཁེ་ལས་འགན་འཁུར་མི་སྣའི་གླ་ཕོགས་ལམ་ལུགས་སྒྱུར་བཅོས་ལ་བརྒྱུད་རིམ་ཞིབ་ཕྲ་ལྡན་ཡོད།དེ་མིན་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁུར་མི་སྣ་དང་ཀྲུང་དབྱང་སྡེ་ཚན་ཁག་གི་ཁོངས་སུ་གཏོགས་པའི་ཁེ་ལས་དང་ས་གནས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁུར་མི་སྣའི་གླ་ཕོགས་ལམ་ལུགས་ཀྱི་སྒྱུར་བཅོས་ཀྱང《ཀྲུང་དབྱང་ནས་དོ་དམ་བྱེད་པའི་ཁེ་ལས་འགན་འཁུར་མི་སྣའི་གླ་ཕོགས་ལམ་ལུགས་སྒྱུར་བཅོས་ཀྱི་ཇུས་གཞིའི》དགོངས་དོན་ལ་གཞིགས་ནས་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས།འབྲེལ་ཡོད་སྡེ་ཚན་གྱིས་གཅིག་འདོམས་མཐུན་སྦྱོར་དང་མཛུབ་ཁྲིད་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་སྒྱུར་བཅོས་བདེ་བླག་ངང་ལག་བསྟར་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས།
        ཚོགས་འདུའི་ཐོག་བླང་བྱ་བསྟན་དོན།འབྲེལ་ཡོད་སྡེ་ཚན་ཁག་གིས་ལྟ་སྐུལ་དོ་དམ་དང་འགན་འཁུར་བའི་ཐོག་ནས་ཁོངས་གཏོགས་ཀྲུང་དབྱང་ཁེ་ལས་ལ་མཛུབ་ཁྲིད་ལྟ་སྐུལ་བྱེད་པ་དང་ཀྲུང་དབྱང་ཁེ་ལས་ཁག་གིས་ཚོགས་པ་དེ་རང་དང་རིམ་ཁག་ཁེ་ལས་ཀྱི་དོ་དམ་ཚད་ལྡན་དུ་བཏང་སྟེ་ལྟ་སྐུལ་དོ་དམ་འགན་འཁྲི་རིམ་གྱིས་དོན་འཁྱོལ་དང་།དོ་དམ་ལམ་ལུགས་རིམ་གྱིས་འཐུས་ཚང་དུ་གཏོང་བ།སྔོན་རྩིས་དོ་དམ་རིམ་གྱིས་ལག་བསྟར།ཡོངས་བསྒྲགས་ཁ་གསལ་ལ་རིམ་གྱིས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།ཞིང་ཆེན་དང་།རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་བཅས་དང་དེ་བཞིན་འཆར་གཞིའི་ལོགས་སུ་བཀོད་པའི་གྲོང་ཁྱེར་དང་ཤིན་ཅང་ཐོན་སྐྱེད་པིན་ཐོན་བཅས་ཀྱིས《བསམ་འཆར》གྱི་བླང་བྱ་གཞིར་བཟུང་ས་གནས་དེ་རང་གི་དོན་དངོས་དང་བསྟུན་ནས་ས་ཁུལ་དེ་རང་གི་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁུར་མི་སྣའི་འགན་སྒྲུབ་ཐོབ་ཐང་དང་ལས་སྒོའི་གཏོང་སྒོར་དོ་དམ་བྱེད་པའི་བྱེད་ཐབས་ཞིབ་ཕྲ་བཟོ་དགོས།
        ཚོགས་འདུའི་ཐོག་བསྟན་དོན།རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་ཀྱི་སྒྱུར་བཅོས་ཟབ་ཏུ་བཏང་སྟེ་ཏང་གི་སློབ་གསོའི་བྱེད་ཕྱོགས་སྒོ་ཀུན་ནས་ལག་བསྟར་བྱས་ནས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྦྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མཐུན་པའི་སྣ་མང་ཅན་གྱི་བྱང་ཚད་མཐོ་བའི་ཤེས་ལྡན་པའི་དགོས་མཁོ་དང་འཚམ་པ།ཉམས་མྱོང་ཕྱོགས་སྡོམ་ནན་ཏན།གནད་དོན་གྱི་ཕྱོགས་སྟོན་མངོན་གསལ།སྤྱི་ཚོགས་ཀྱི་དོ་ཁུར་ལ་བསྟུན་པ།སློབ་གསོ་གཞུང་དྲང་ལ་སྔར་བས་སྐུལ་འདེད་གཏོང་བ།འདེམས་པའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཀུན་སྤྱོད་དང་།ཤེས་རིགགཟུགས་པོ།མཛེས་རིག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྦྱོང་བྱེད་དགོས།སྒྱུར་བཅོས་ཟབ་ཏུ་བཏང་ནས་རིགས་དབྱེ་རྒྱུགས་ལེན་དང་།ཕྱོགས་བསྡུས་གདེང་འཇོགསྣ་མང་བསྡུ་ལེན་བཅས་ཀྱི་རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་ཆགས་པ་བྱེད་པ་དང་གཞུང་དྲང་ལ་སྐུལ་འདེད་དང་།ཚན་རིག་དང་མཐུན་པའི་སྒོ་ནས་ཤེས་ལྡན་པ་འདེམས་པ།ལྟ་སྐུལ་ནུས་ལྡན་བཅས་ཀྱི་སྒྲིག་སྲོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།རིམ་པ་ཁག་དང་རིགས་ཁག་གི་སློབ་གསོ་འབྲེལ་མཐུད་དང་སློབ་སྦྱོང་གི་གྲུབ་འབྲས་སྣ་ཚོགས་ཁས་ལེན་བྱེད་པའི་ཚེ་གང་སློབ་སྦྱོང་གི“སྣོལ་ཟམ”ཞིག་བསྐྲུན་དགོས།སློབ་བསྡུའི་འཆར་གཞིའི་བགོ་བཤའི་བྱེད་ཐབས་ལེགས་སུ་གཏོང་བ་དང་།དབུས་ནུབ་ས་ཁུལ་དང་མི་འབོར་མང་བའི་ཞིང་ཆེན་གྱི་མཐོ་རྒྱུགས་སློབ་མ་བསྡུ་ཚད་མང་དུ་གཏོང་བ།གྲོང་གསེབ་སློབ་མ་གཙོ་གནད་མཐོ་སློབ་ལ་བསྡུ་བའི་གྲངས་འབོར་མང་དུ་གཏོང་བ།སློབ་གྲྭ་འབྲིང་ཆུང་གི་སློབ་བསྡུའི་བྱེད་ཐབས་འཐུས་ཚང་དུ་བཏང་ནས་སློབ་འདེམས་ཀྱི་དཀའ་གནད་ཐག་གཅོད་བྱེད་དགོས།རྒྱུགས་ལེན་གྱི་བྱེད་ཐབས་དང་ནང་དོན་སྒྱུར་བཅོས་བྱས་ཏེ་མཐོ་རིམ་སློབ་འབྲིང་གི་རྒྱུགས་ལེན་འཐུས་ཚང་དུ་གཏོང་བ་དང་།མཐོ་རིམ་སློབ་འབྲིང་སློབ་མའི་ཕྱོགས་བསྡུས་བྱང་ཚད་གདེང་འཇོག་ཚད་ལྡན་དུ་གཏོང་བ།མཐོ་སློབ་ལས་རིགས་སློབ་གླིང་དང་སློབ་གྲྭའི་རིགས་དབྱེ་རྒྱུགས་ལེན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ།མཐོ་རྒྱུགས་ཀྱི་ནང་དོན་ལ་སྒྱུར་བཅོས་གཏིང་ཟབ་གཏོང་བ་བཅས་བྱེད་དགོས།སློབ་མ་བསྡུ་བའི་ལམ་སྲོལ་ལ་སྒྱུར་བཅོས་བྱས་ཏེ་རྒྱུགས་ཚད་ལ་སྐར་མ་སྣོན་ཚད་ཉུང་དུ་དང་ཚད་ལྡན་དུ་གཏོང་བ་དང་།རང་རྟེན་སློབ་བསྡུ་འཐུས་ཚང་དང་ཚད་ལྡན་དུ་གཏོང་བ།མཐོ་སློབ་སློབ་བསྡུའི་སློབ་མ་འདེམས་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ།སློབ་བསྡུའི་བྱེད་ཐབས་ལེགས་སུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་ཁོངས་མིའི་ཚེ་གང་སློབ་སྦྱོང་གི་ལམ་བུ་རྒྱ་ཆེར་གཏོང་དགོས།ལྟ་སྐུལ་དོ་དམ་གྱི་ལམ་སྲོལ་ལ་སྒྱུར་བཅོས་བྱས་ཏེ་སྒྲིག་འགལ་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས།གཅིག་འདོམས་འཆར་འགོད་དང་།སྔོན་ལ་ཚོད་ལྟ།རིམ་གྱིས་ལག་བསྟར་བཅས་བྱས་ཏེ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས།
        ཚོགས་འདུའི་ཐོག་ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་དང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ་དང་།སློབ་གསོ་པུའུ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ལེ་ལག་གི་ཡིག་ཆ་ཞིབ་འཇུག་བྱས་ནས་བཟོ་རྒྱུར་དམ་འཛིན་བྱས་ཏེ་བརྟན་པོའི་ངང་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པ།སློབ་གསོའི་དུས་མཚམས་རང་བཞིན་ལ་བསམ་གཞིག་གང་ལེགས་བྱས་ཏེ་རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་ཀྱི་ལག་བསྟར་ཇུས་གཞི་སྔ་སྣུར་དུ་ཡོངས་བསྒྲགས་བྱེད་དགོས་པ།སྒྱུར་བཅོས་ཁྲོད་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ་རྒྱུན་ཆད་མེད་པར་ཉམས་མྱོང་ཕྱོགས་སྡོམ་དང་བྱེད་ཐབས་འཐུས་ཚང་བཏང་སྟེ་རིམ་གྱིས་ཁྱབ་གདལ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།