འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཝང་ཡང་གིས་ཤིན་ཅང་དུ་རྟོག་ཞིབ་གནང་སྐབས་སྲིང་བལ་གྱི་དམིགས་འབེན་རིན་གོང་
    བསྒྱུར་བཅོས་གཏོང་བའི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་
    དགོས་པའི་ནན་བཤད་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་01ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཡང་གིས་སྤྱི་ཟླ་༨པའི་ཚེས་༣༠ཉིན་ནས་སྤྱི་ཟླ་༨པའི་ཚེས་༣༡ཉིན་བར་ཤིན་ཅང་དུ་ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་ལ་རྟོག་ཞིབ་བརྟག་དཔྱད་གནང་སྐབས། སྲིང་བལ་གྱི་དམིགས་འབེན་རིན་གོང་བསྒྱུར་བཅོས་ཚོད་ལྟ་བྱ་རྒྱུ་ནི་ཞིང་ལས་ཐོན་རྫས་ཀྱི་རིན་གོང་གྲུབ་པའི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཁྲོམ་རས་ཐོན་ཁུངས་ཆ་སྦྱོར་བྱེད་པའི་ནུས་པ་འདོན་སྤེལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། བསྒྱུར་བཅོས་ཀྱི་སེམས་ཤུགས་བརྟན་པོ་དགོས་པ་དང་། བཀོལ་སྤྱོད་བྱེད་ཐབས་འཐུས་ཚང་དགོས་ཤིང་། སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱས་ཏེ་བདེ་བླག་ངང་སྐུལ་འདེད་གཏོང་དགོས་ཞེས་ནན་བཏོན་གནང་ཡོད་པ་རེད།
        ཝང་ཡང་གིས་སྔ་ཕྱིར་ཨ་ཁེ་སུའུ་དང་། ཝུ་ཅ་ཆུས། ཁྲང་ཅི་སོགས་ས་ཆར་ཕེབས་ནས་གྲོང་གསེབ་ཀྱི་ཞིང་དུད་དང་། དམག་སྡེའི་ཞིང་ར། སྲིང་བལ་བསྡུ་ཉར་དང་འཁལ་ཐག་ཁེ་ལས་བཅས་སུ་ཕེབས་ནས། གཞི་རིམ་ལས་བྱེད་མང་ཚོགས་དང་ཁེ་ལས་ཀྱིས་བསྒྱུར་བཅོས་ཚོད་ལྟའི་ལས་དོན་ཐད་བཏོན་པའི་བསམ་འཆར་དང་གྲོས་འགོ་ཤེས་རྟོགས་གནང་ཡོད་པ་རེད། ཁོང་གིས་རང་རྒྱལ་གྱི་སྲིང་བལ་ཐོན་འབབ་དང་དགོས་མཁོའི་བར་ད་དུང་ཧེ་བག་ཅུང་ཆེན་པོ་ཡོད་པ་ངོས་འཛིན་གང་ལེགས་བྱེད་དགོས་ཏེ། རྒྱལ་ནང་གི་མཁོ་སྤྲོད་འབྲེལ་བ་སྤྱི་ཡོངས་ནས་ཛ་དྲག་པོ་ཡོད་པས། ཁྲོམ་རའི་ཆ་འཕྲིན་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས། ཁྲོམ་རའི་ཚོད་འཛིན་ཡག་པོ་བྱེད་དགོས་པ་དང་། སྲིང་བལ་ནང་འདྲེན་དང་གསོག་ཉར་སྲིང་བལ་གཏོང་སྤྲོད་དེ་བས་ཁ་གསལ་ཡོང་བ་བྱས་ནས་ཁྲོམ་རའི་སྔོན་དཔག་བརྟན་པོ་བཟོ་དགོས་པ། ཉོ་སྒྲུབ་མ་དངུལ་མཁོ་སྤྲོད་ཡག་པོ་བྱས་ནས་སྲིང་བལ་ཁེ་ལས་ཀྱིས་ཁྲོམ་རར་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་དང་། སྲིང་བལ་འདེབས་མཁན་ཞིང་པས་གོ་སྐབས་དང་བསྟུན་ནས་སྲིང་བལ་འཚོང་རྒྱུར་སྐུལ་མ་གཏོང་དགོས་པ། སྲིད་ཇུས་ལག་བསྟར་གནས་ཚུལ་ཐད་རྗེས་འདེད་ཤེས་རྟོགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། དུས་ཐོག་ཏུ་རིགས་ཁག་གི་འགལ་ཟླ་ཐག་གཅོད་དང་སེལ་དགོས་ཤིང་། ཁྲོམ་ར་བརྟན་པོའི་ངང་འཁོར་རྒྱུག་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།