འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་28ཉིན།

༄༅། །བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་26ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ལེའུ་བཞི་པ།  ཁྲིམས་འབྲེལ་འཁུར་འཁྲིའི་སྐོར།
     དོན་ཚན་ཞེ་གཉིས་པ། བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་གམ་ཡང་ན་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་གཞན་དག་བཅས་ཀྱིས་ཁྲིམས་ལྟར་སྲིད་འཛིན་ཆོག་འཁྲོལ་གྱི་ཆོད་དོན་མ་བཞག་པ་དང་། ཁྲིམས་འགལ་གྱི་བྱ་སྤྱོད་མཐོང་བའམ་ཡང་ན་ཁྲིམས་འགལ་བྱ་སྤྱོད་ལ་ཐེར་འདོན་བྱས་པའི་ཡིག་ཆ་འབྱོར་ནའང་རྩད་གཅོད་མི་བྱེད་པའམ་ཡང་ན་ཁྲིམས་ལྟར་རྩད་གཅོད་མི་བྱེད་པ་དང་། ཡང་ན་འགན་དབང་གང་བྱུང་དུ་སྤྱོད་པ་སོགས་ཁྲིམས་ལྟར་འགན་འཁྲི་མི་སྒྲུབ་པའི་བྱ་སྤྱོད་གཞན་དག་ཡོད་པ་ཡིན་ན། རིམ་པ་དེ་གའི་མི་དམངས་སྲིད་གཞུང་ངམ་ཡང་ན་གོང་རིམ་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱིས་དེར་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། ཁག་འགན་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་དགོས་མཁན་གཞན་དག་ལ་ཁྲིམས་ལྟར་སྐྱོན་ཐོ་འགོད་དང་། སྐྱོན་ཆེན་ཐོ་འགོད་དམ་ཡང་ན་རིམ་པ་འབེབས་རྒྱུའི་ཆད་པ་གཅོད་རྒྱུ། མཇུག་འབྲས་ཚབས་ཆེན་བཟོས་ན་གནས་དབྱུང་གཏོང་བའམ་ཡང་ན་ཕྱིར་འབུད་གཏོང་རྒྱུའི་ཆད་པ་གཅོད་རྒྱུ། གཙོ་འགན་འཁུར་མཁན་གྱིས་འགན་འཛོལ་དགོངས་ཞུ་བྱེད་དགོས། ཉེས་ཚད་ལོན་ན་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ།  
     དོན་ཚན་ཞེ་གསུམ་པ། བཅའ་ཁྲིམས་འདིའི་དོན་ཚན་བཅུ་གཉིས་པའི་ནང་གསེས་དོན་ཚན་གསུམ་པ་དང་། དོན་ཚན་བཅུ་གསུམ་པའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་དང་འགལ་ན། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ།  
     དོན་ཚན་ཞེ་བཞི་པ། བཅའ་ཁྲིམས་འདིའི་དོན་ཚན་བཅོ་ལྔ་པའི་ནང་གསེས་དོན་ཚན་གསུམ་པའི་གཏན་འབེབས་དང་འགལ་ཏེ་བཀག་ཉར་མྱུར་སྐྱོབ་ཀྱི་མིང་ཐོག་ནས་བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་ཉོ་ཚོང་བྱས་རིགས་བྱུང་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་གིས་བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་དང་། ཁྲིམས་འགལ་གྱི་ཐོབ་ཆ་བཅས་གཞུང་བཞེས་གཏོང་རྒྱུ་དང་། བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་ཀྱི་རིན་ཐང་དངུལ་གྲངས་ཀྱི་ལྡབ་གཉིས་ཡན་ནས་ལྡབ་བཅུ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། ཁྲིམས་འགལ་དང་འབྲེལ་ཡོད་ཀྱི་ཆ་འཕྲིན་དག་སྤྱི་ཚོགས་ཡིད་རྟོན་ཐོ་ཁོངས་སུ་བཀོད་ནས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་རྒྱུ། ཉེས་ཚད་ལོན་ན་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ།  
     དོན་ཚན་ཞེ་ལྔ་པ། བཅའ་ཁྲིམས་འདིའི་དོན་ཚན་ཉི་ཤུ་པ་དང་། དོན་ཚན་ཉེར་གཅིག་པ། དོན་ཚན་ཉེར་གསུམ་པའི་ནང་གསེས་དོན་ཚན་དང་པོ། དོན་ཚན་ཉེར་བཞི་པའི་ནང་གསེས་དོན་ཚན་དང་པོ་བཅས་ཀྱི་གཏན་འབེབས་དང་འགལ་ཏེ་འབྲེལ་ཡོད་ཀྱི་རང་བྱུང་སྲུང་སྐྱོང་ས་ཁོངས་དང་རྔོན་(འཛིན་)ལས་བཀག་སྡོམ་ཁུལ། རྔོན་(འཛིན་)ལས་བཀག་སྡོམ་དུས་སྐབས་བཅས་ཀྱི་ནང་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེས་སྐྱེས་སྲོག་ཆགས་རྔོན་འཛིན་བྱེད་པར་རི་དྭགས་རྔོན་འཐུས་དམིགས་བསལ་ལག་ཁྱེར་ཐོབ་མེད་པ་དང་། རི་དྭགས་རྔོན་འཐུས་དམིགས་བསལ་ལག་ཁྱེར་ནང་གསལ་གཏན་འབེབས་དང་འགལ་ཏེ་རྔོན་འཛིན་བྱེད་པ། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེས་སྐྱེས་སྲོག་ཆགས་གསོད་པ་དང་། ཡང་ན་སྤྱོད་མི་ཆོག་པའི་ལག་ཆ་དང་བྱེད་ཐབས་སྤྱད་དེ་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེས་སྐྱེས་སྲོག་ཆགས་རྔོན་འཛིན་བཅས་བྱས་པའི་རིགས་ལ།  རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་དང་། རྒྱ་མཚོའི་ཁྲིམས་བསྟར་སྡེ་ཁག་གམ་ཡང་ན་འབྲེལ་ཡོད་སྲུང་སྐྱོང་ས་ཁོངས་ཀྱི་དོ་དམ་ལས་ཁུངས་བཅས་ཀྱིས་འགན་འཁྲི་ལས་བགོས་ལྟར་རྔོན་བྱ་དང་རྔོན་བྱེད་ལག་ཆ། ཁྲིམས་འགལ་ཐོབ་ཆ་བཅས་གཞུང་བཞེས་གཏོང་རྒྱུ་དང་། རི་དྭགས་རྔོན་འཐུས་དམིགས་བསལ་ལག་ཁྱེར་རྩིས་མེད་དུ་གཏོང་བ། རྔོན་བྱའི་རིན་ཐང་དངུལ་གྲངས་ཀྱི་ལྡབ་གཉིས་ཡན་ནས་ལྡབ་བཅུ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། རྔོན་བྱ་མེད་མཁན་ལ་སྒོར་ཆིག་ཁྲི་ཡན་ནས་ལྔ་ཁྲི་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། ཉེས་ཚད་ལོན་ན་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ།  
     དོན་ཚན་ཞེ་དྲུག་པ། བཅའ་ཁྲིམས་འདིའི་དོན་ཚན་ཉི་ཤུ་པ་དང་། དོན་ཚན་ཉེར་གཉིས་པ།  དོན་ཚན་ཉེར་གསུམ་པའི་ནང་གསེས་དོན་ཚན་དང་པོ། དོན་ཚན་ཉེར་བཞི་པའི་ནང་གསེས་དོན་ཚན་དང་པོ་བཅས་ཀྱི་གཏན་འབེབས་དང་འགལ་ཏེ་འབྲེལ་ཡོད་ཀྱི་རང་བྱུང་སྲུང་སྐྱོང་ས་ཁོངས་དང་རྔོན་(འཛིན་)ལས་བཀག་སྡོམ་ཁུལ། རྔོན་(འཛིན་)ལས་བཀག་སྡོམ་དུས་སྐབས་བཅས་ཀྱི་ནང་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་ཁོངས་སུ་མི་ཚུད་པའི་བྱེས་སྐྱེས་སྲོག་ཆགས་རྔོན་འཛིན་བྱེད་པར་རི་དྭགས་རྔོན་འཐུས་ལག་ཁྱེར་མེད་པ་དང་། རི་དྭགས་རྔོན་འཐུས་ལག་ཁྱེར་ནང་གསལ་གཏན་འབེབས་དང་འགལ་ཏེ་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་ཁོངས་སུ་མི་ཚུད་པའི་བྱེས་སྐྱེས་སྲོག་ཆགས་རྔོན་འཛིན་བྱེད་པ་དང་། ཡང་ན་སྤྱོད་མི་ཆོག་པའི་ལག་ཆ་དང་བྱེད་ཐབས་སྤྱད་དེ་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་ཁོངས་སུ་མི་ཚུད་པའི་བྱེས་སྐྱེས་སྲོག་ཆགས་རྔོན་འཛིན་བཅས་བྱས་པའི་རིགས་ལ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་གམ་ཡང་ན་འབྲེལ་ཡོད་སྲུང་སྐྱོང་ས་ཁོངས་ཀྱི་དོ་དམ་ལས་ཁུངས་བཅས་ཀྱིས་འགན་འཁྲི་ལས་བགོས་ལྟར་རྔོན་བྱ་དང་། རྔོན་བྱེད་ལག་ཆ་དང་ཁྲིམས་འགལ་ཐོབ་ཆ་བཅས་གཞུང་བཞེས་གཏོང་རྒྱུ་དང་། རི་དྭགས་རྔོན་འཐུས་ལག་ཁྱེར་རྩིས་མེད་དུ་གཏོང་རྒྱུ།  རྔོན་བྱའི་རིན་ཐང་དངུལ་གྲངས་ཀྱི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། རྔོན་བྱ་མེད་མཁན་ལ་སྒོར་ཉིས་སྟོང་ཡན་ནས་ཆིག་ཁྲི་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། ཉེས་ཚད་ལོན་ན་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ།  
     བཅའ་ཁྲིམས་འདིའི་དོན་ཚན་ཉེར་གསུམ་པའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་དང་འགལ་ཏེ་མེ་མདའ་ཁྱེར་འཐུས་ལག་ཁྱེར་མེད་ནའང་མེ་མདའ་ཁྱེར་ནས་བྱེས་སྐྱེས་སྲོག་ཆགས་རྔོན་འཛིན་བྱས་པས་བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་གྱི་ཚད་ལོན་ན། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་བདེ་འཇགས་དོ་དམ་ཐད་ཀྱི་ཆད་པ་གཅོད་རྒྱུ། ཉེས་ཚད་ལོན་ན་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ།  
     དོན་ཚན་ཞེ་བདུན་པ། བཅའ་ཁྲིམས་འདིའི་དོན་ཚན་ཉེར་ལྔ་པའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་དང་འགལ་ཏེ་མིའི་ཐབས་ཀྱི་གསོ་སྤེལ་འཁྲོལ་འཛིན་ཐོབ་མེད་ཀྱང་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེས་སྐྱེས་སྲོག་ཆགས་སམ་ཡང་ན་བཅའ་ཁྲིམས་འདིའི་དོན་ཚན་ཉེར་བརྒྱད་པའི་ནང་གསེས་དོན་ཚན་གཉིས་པའི་ནང་བཀོད་པའི་བྱེས་སྐྱེས་སྲོག་ཆགས་གསོ་སྤེལ་བྱས་པའི་རིགས་ལ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་གིས་བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་གཞུང་བཞེས་གཏོང་རྒྱུ་དང་། བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་ཀྱི་རིན་ཐང་དངུལ་གྲངས་ཀྱི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།  
     དོན་ཚན་ཞེ་བརྒྱད་པ། བཅའ་ཁྲིམས་འདིའི་དོན་ཚན་ཉེར་བདུན་པའི་ནང་གསེས་དོན་ཚན་དང་པོ་དང་ནང་གསེས་དོན་ཚན་གཉིས་པ་དང་། དོན་ཚན་ཉེར་བརྒྱད་པའི་ནང་གསེས་དོན་ཚན་དང་པོ། དོན་ཚན་སོ་གསུམ་པའི་ནང་གསེས་དོན་ཚན་དང་པོ་བཅས་ཀྱི་གཏན་འབེབས་དང་འགལ་ཏེ་ཆོག་མཆན་མ་ཐོབ་པར་ཆེད་སྤྱོད་མཚོན་རྟགས་སྤྱོད་པའམ་ཡང་ན་ཆེད་སྤྱོད་མཚོན་རྟགས་མ་ཐོབ་པ་དང་ཡང་ན་གཏན་འབེབས་དང་འགལ་ནས་ཆེད་སྤྱོད་མཚོན་རྟགས་སྤྱོད་པ་དང་། ཡང་ན་མིའི་ཐབས་ཀྱི་གསོ་སྤེལ་འཁྲོལ་འཛིན་དང་། མཆན་བཀོད་ཡིག་ཆའི་འདྲ་བཤུས་སམ་ཡང་ན་ཆེད་སྤྱོད་མཚོན་རྟགས་བཅས་བཟུང་མེད་པ་དང་ཟུར་འགོད་བྱས་མེད་པར་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་སམ་ཡང་ན་བཅའ་ཁྲིམས་འདིའི་དོན་ཚན་ཉེར་བརྒྱད་པའི་ནང་གསེས་དོན་ཚན་གཉིས་པའི་ནང་བཀོད་པའི་བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་ཕྱིར་འཚོང་དང་། ཉོ་སྒྲུབ། བེད་སྤྱོད། སྐྱེལ་འདྲེན། འཁུར་འཁྱེར། སྐུར་སྐྱེལ་བཅས་བྱས་པའི་རིགས་ལ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་གམ་ཡང་ན་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་འགན་འཁྲི་ལས་བགོས་ལྟར་བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་དང་། ཁྲིམས་འགལ་ཐོབ་ཆ་བཅས་གཞུང་བཞེས་གཏོང་རྒྱུ་དང་། བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་ཀྱི་རིན་ཐང་དངུལ་གྲངས་ཀྱི་ལྡབ་གཉིས་ཡན་ནས་ལྡབ་བཅུ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། གནས་ཚུལ་ཚབས་ཆེན་ཡིན་ན་མིའི་ཐབས་ཀྱི་གསོ་སྤེལ་འཁྲོལ་འཛིན་རྩིས་མེད་དུ་གཏོང་རྒྱུ་དང་། མཆན་བཀོད་ཡིག་ཆ་ཕྱིར་འཐེན་བྱ་རྒྱུ། ཆེད་སྤྱོད་མཚོན་རྟགས་ཕྱིར་བསྡུ་རྒྱུ། ཉེས་ཚད་ལོན་ན་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ།  
     བཅའ་ཁྲིམས་འདིའི་དོན་ཚན་ཉེར་བདུན་པའི་ནང་གསེས་དོན་ཚན་བཞི་པ་དང་། དོན་ཚན་སོ་གསུམ་པའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་དང་འགལ་ཏེ་ཁྲིམས་མཐུན་ཡོང་ཁུངས་དཔང་ཡིག་བཟུང་མེད་རུང་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེད་ཁོངས་སུ་མི་ཚུད་པའི་བྱེས་སྐྱེས་སྲོག་ཆགས་ཕྱིར་འཚོང་དང་བེད་སྤྱོད། སྐྱེལ་འདྲེན་བཅས་བྱས་པའི་རིགས་ལ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་གམ་ཡང་ན་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་འགན་འཁྲི་ལས་བགོས་ལྟར་བྱེས་སྐྱེས་སྲོག་ཆགས་གཞུང་བཞེས་གཏོང་རྒྱུ་དང་། བྱེས་སྐྱེས་སྲོག་ཆགས་ཀྱི་རིན་ཐང་དངུལ་གྲངས་ཀྱི་ལྡབ་གཅིག་ཡན་ནས་ལྡབ་ལྔ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།  
     བཅའ་ཁྲིམས་འདིའི་དོན་ཚན་ཉེར་བདུན་པའི་ནང་གསེས་དོན་ཚན་ལྔ་པ་དང་། དོན་ཚན་སོ་གསུམ་པའི་གཏན་འབེབས་དང་འགལ་ཏེ་འབྲེལ་ཡོད་བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་ཕྱིར་འཚོང་དང་། སྐྱེལ་འདྲེན། འཁུར་འཁྱེར།  སྐུར་སྐྱེལ་བཅས་བྱེད་དུས་རིམས་ནད་ཞིབ་བཤེར་དཔང་ཡིག་བཟུང་མེད་པའམ་ཡང་ན་ཟུར་འགོད་བྱས་མེད་ན་《སྲོག་ཆགས་རིམས་འགོག་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》ནང་འཁོད་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ།  
     དོན་ཚན་ཞེ་དགུ་པ། བཅའ་ཁྲིམས་འདིའི་དོན་ཚན་སུམ་ཅུ་པའི་གཏན་འབེབས་དང་འགལ་ཏེ་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་སམ་ཡང་ན་ཁྲིམས་མཐུན་ཡོང་ཁུངས་དཔང་ཡིག་མེད་པའི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་ཁོངས་སུ་མི་ཚུད་པའི་བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་བཅས་ལས་བཟོས་པའི་ཟས་རིགས་ཐོན་སྐྱེད་དང་ཚོང་གཉེར་བྱེད་པ་དང་། ཡང་ན་བཟའ་བྱའི་ཆེད་དུ་ཁྲིམས་ལས་འགལ་ཏེ་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་ཉོ་སྒྲུབ་བཅས་བྱས་པའི་རིགས་ལ།  རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་གམ་ཡང་ན་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་འགན་འཁྲི་ལས་བགོས་ལྟར་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་རྒྱུ་དང་། བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་དང་ཁྲིམས་འགལ་ཐོབ་ཆ་བཅས་གཞུང་བཞེས་གཏོང་རྒྱུ། བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་ཀྱི་རིན་ཐང་དངུལ་གྲངས་ཀྱི་ལྡབ་གཉིས་ཡན་ནས་ལྡབ་བཅུ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ།   ཉེས་ཚད་ལོན་ན་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ།  
     དོན་ཚན་ལྔ་བཅུ་པ། བཅའ་ཁྲིམས་འདིའི་དོན་ཚན་སོ་གཅིག་པའི་གཏན་འབེབས་དང་འགལ་ཏེ་བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་སམ་ཡང་ན་སྤྱོད་མི་ཆོག་པའི་རྔོན་བྱེད་ལག་ཆ་ཕྱིར་འཚོང་དང་། ཉོ་སྒྲུབ། བེད་སྤྱོད་བཅས་བྱེད་ཆེད་མཚམས་སྦྱོར་བརྡ་ཁྱབ་བཏང་བའི་རིགས་ལ།《མཚམས་སྦྱོར་བརྡ་ཁྱབ་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》ནང་འཁོད་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ།  
     དོན་ཚན་ང་གཅིག་པ། བཅའ་ཁྲིམས་འདིའི་དོན་ཚན་སོ་གཉིས་པའི་གཏན་འབེབས་དང་འགལ་ཏེ་བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་སམ་ཡང་ན་སྤྱོད་མི་ཆོག་པའི་རྔོན་བྱེད་ལག་ཆ་ཁྲིམས་འགལ་གྱིས་ཕྱིར་འཚོང་དང་། ཉོ་སྒྲུབ། བེད་སྤྱོད་བཅས་བྱེད་ཆེད་ཉོ་ཚོང་གི་ཞབས་ཞུ་འདོན་སྤྲོད་བྱས་པའི་རིགས་ལ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཁྲིམས་འགལ་བྱ་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་རྒྱུ་དང་། དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་རྒྱུ། ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་དང་། ཁྲིམས་འགལ་ཐོབ་ཆའི་ལྡབ་གཉིས་ཡན་ནས་ལྡབ་ལྔ་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། ཁྲིམས་འགལ་ཐོབ་ཆ་མེད་མཁན་ལ་སྒོར་ཆིག་ཁྲི་ཡན་ནས་ལྔ་ཁྲི་མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚད་ལོན་ན་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ།  
     དོན་ཚན་ང་གཉིས་པ། བཅའ་ཁྲིམས་འདིའི་དོན་ཚན་སོ་ལྔ་པའི་གཏན་འབེབས་དང་འགལ་ཏེ་བྱེས་སྐྱེས་སྲོག་ཆགས་སམ་ཡང་ན་དེའི་བཟོས་རྫས་ཕྱིར་གཏོང་ནང་འདྲེན་བྱས་པའི་རིགས་ལ། འགག་སྒོ་དང་། སྤྱི་བདེ་ལས་ཁུངས། རྒྱ་མཚོའི་ཁྲིམས་བསྟར་སྡེ་ཁག་བཅས་ཀྱིས་བཅའ་ཁྲིམས་དང་།  སྲིད་འཛིན་ཁྲིམས་སྲོལ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་ཆད་པ་གཅོད་རྒྱུ། ཉེས་ཚད་ལོན་ན་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ། 
     དོན་ཚན་ང་གསུམ་པ། བཅའ་ཁྲིམས་འདིའི་དོན་ཚན་སོ་བདུན་པའི་ནང་གསེས་དོན་ཚན་དང་པོའི་གཏན་འབེབས་དང་འགལ་ཏེ་མངའ་ཁོངས་ཕྱི་རོལ་ནས་བྱེས་སྐྱེས་སྲོག་ཆགས་ཀྱི་རིགས་རྒྱུད་ནང་འདྲེན་བྱས་པའི་རིགས་ལ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་གིས་ནང་དུ་དྲངས་པའི་བྱེས་སྐྱེས་སྲོག་ཆགས་གཞུང་བཞེས་གཏོང་རྒྱུ་དང་། སྒོར་ལྔ་ཁྲི་ཡན་ནས་ཉིས་འབུམ་ལྔ་ཁྲི་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། ཁྲིམས་ལྟར་ནང་འདྲེན་གྱི་རིམས་ནད་ཞིབ་བཤེར་མ་བྱས་ན།《སྲོག་ཆགས་དང་རྩི་ཤིང་ཕྱིར་གཏོང་ནང་འདྲེན་གྱི་རིམས་ནད་ཞིབ་བཤེར་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》ནང་འཁོད་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ། ཉེས་ཚད་ལོན་ན་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ།  
     དོན་ཚན་ང་བཞི་པ། བཅའ་ཁྲིམས་འདིའི་དོན་ཚན་སོ་བདུན་པའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་དང་འགལ་ཏེ་མངའ་ཁོངས་ཕྱི་རོལ་ནས་ནང་འདྲེན་བྱས་པའི་བྱེས་སྐྱེས་སྲོག་ཆགས་རི་ཐང་དུ་གློད་གཏོང་བྱས་པའི་རིགས་ལ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་གིས་དུས་བཀག་ནང་ཚུར་འཛིན་དུ་འཇུག་རྒྱུ་དང་། སྒོར་ཆིག་ཁྲི་ཡན་ནས་ལྔ་ཁྲི་མན་གྱི་དངུལ་ཆད་གཅོད་རྒྱུ། དུས་ལས་ཡོལ་རུང་ཚུར་མ་བཟུང་ན། འབྲེལ་ཡོད་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་གིས་ཚབ་བྱས་ནས་ཚུར་འཛིན་རྒྱུའམ་ཡང་ན་གནོད་སྐྱོན་ཆུང་དུ་གཏོང་བའི་བྱ་ཐབས་སྤྱོད་རྒྱུ། དེར་མཁོ་བའི་འགྲོ་གྲོན་དག་དུས་བཀག་ནང་ཚུར་འཛིན་དུ་འཇུག་ཡུལ་ཕྱོགས་ཀྱིས་གཏོང་དགོས།  
     དོན་ཚན་ང་ལྔ་པ། བཅའ་ཁྲིམས་འདིའི་དོན་ཚན་སོ་དགུ་པའི་ནང་གསེས་དོན་ཚན་དང་པོའི་གཏན་འབེབས་དང་འགལ་ཏེ་འབྲེལ་ཡོད་ལག་ཁྱེར་དང་ཆེད་སྤྱོད་མཚོན་རྟགས་སམ་ཡང་ན་འབྲེལ་ཡོད་མཆན་བཀོད་ཡིག་ཆ་བཅས་རྫུན་བཟོ་དང་། སྒྱུར་བཟོ། ཉོ་ཚོང་། བཤུག་སྤྲོད། བོགས་གཏོང་དང་གཡར་བ་བཅས་བྱས་པའི་རིགས་ལ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་གིས་ཁྲིམས་འགལ་གྱི་ལག་ཁྱེར་དང་། ཆེད་སྤྱོད་མཚོན་རྟགས།  འབྲེལ་ཡོད་མཆན་བཀོད་ཡིག་ཆ་དང་ཁྲིམས་འགལ་ཐོབ་ཆ་བཅས་གཞུང་བཞེས་གཏོང་རྒྱུ་དང་།  སྒོར་ལྔ་ཁྲི་ཡན་ནས་ཉིས་འབུམ་ལྔ་ཁྲི་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་ཀྱི་ཚད་ལོན་ན་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་བདེ་འཇགས་དོ་དམ་ཐད་ཀྱི་ཆད་པ་གཅོད་རྒྱུ། ཉེས་ཚད་ལོན་ན་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱ་རྒྱུ།  
     དོན་ཚན་ང་དྲུག་པ། བཅའ་ཁྲིམས་འདིའི་གཏན་འབེབས་ལྟར་གཞུང་བཞེས་བཏང་བའི་དངོས་རྫས་དག་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་གམ་ཡང་ན་དེས་དབང་ཆ་སྤྲད་པའི་སྡེ་ཚན་གྱིས་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ།  
དོན་ཚན་ང་བདུན་པ། བཅའ་ཁྲིམས་འདིའི་ནང་གཏན་ལ་ཕབ་པའི་རྔོན་བྱ་རི་དྭགས་ཀྱི་རིན་ཐང་དང་། བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་ཀྱི་རིན་ཐང་དཔྱད་དཔོག་བྱེད་པའི་ཚད་གཞི་དང་བྱེད་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་བྱ་རྒྱུ། 

     ལེའུ་ལྔ་པ།  ཞར་བྱུང་དོན་ཚན།
     དོན་ཚན་ང་བརྒྱད་པ། བཅའ་ཁྲིམས་འདི་2017ལོའི་ཟླ་1ཚེས་1ཉིན་ནས་ལག་ལེན་དུ་བསྟར་རྒྱུ། 
      ( ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བསྒྱུར། )
【1】  【2】  【3】  【4】  【5】