འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་28ཉིན།

༄༅། །བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་26ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ལེའུ་གཉིས་པ། བྱེས་སྐྱེས་སྲོག་ཆགས་དང་དེའི་འཚོ་སྡོད་ཁུལ་
     སྲུང་སྐྱོང་བྱ་རྒྱུའི་སྐོར།
     དོན་ཚན་བཅུ་པ། རྒྱལ་ཁབ་ནས་བྱེས་སྐྱེས་སྲོག་ཆགས་ལ་རིགས་དབྱེ་རིམ་བགོས་སྲུང་སྐྱོང་བྱ་རྒྱུ།
     རྒྱལ་ཁབ་ཀྱིས་རྩ་ཆེ་ཞིང་རྒྱུད་ཆད་ལ་ཉེ་བའི་བྱེས་སྐྱེས་སྲོག་ཆགས་གཙོ་གནད་དུ་བཟུང་སྟེ་སྲུང་སྐྱོང་བྱ་རྒྱུ། རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱ་རྒྱུའི་བྱེས་སྐྱེས་སྲོག་ཆགས་ལ་སྲུང་རིམ་དང་པོའི་བྱེས་སྐྱེས་སྲོག་ཆགས་དང་སྲུང་རིམ་གཉིས་པའི་བྱེས་སྐྱེས་སྲོག་ཆགས་སུ་དབྱེ་རྒྱུ།  རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱ་རྒྱུའི་བྱེས་སྐྱེས་སྲོག་ཆགས་ཀྱི་མིང་ཐོ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་ནས་ཚན་རིག་དང་མཐུན་པའི་དཔྱད་དཔོག་སྒྲིག་འཛུགས་བྱས་རྗེས་བཟོ་འགོད་བྱ་རྒྱུ་མ་ཟད། ལོ་ལྔ་རེར་དཔྱད་དཔོག་བྱས་ཚུལ་ལ་གཞིགས་ནས་མིང་ཐོ་བསྐྱར་སྒྲིག་བྱ་རྒྱུ། རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱ་རྒྱུའི་བྱེས་སྐྱེས་སྲོག་ཆགས་ཀྱི་མིང་ཐོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་རྗེས་ཁྱབ་བསྒྲགས་བྱ་རྒྱུ།
     ས་གནས་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱ་རྒྱུའི་བྱེས་སྐྱེས་སྲོག་ཆགས་ཞེས་པ་ནི་རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱ་རྒྱུའི་བྱེས་སྐྱེས་སྲོག་ཆགས་ཕུད་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱ་རྒྱུའི་བྱེས་སྐྱེས་སྲོག་ཆགས་ལ་ཟེར། ས་གནས་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱ་རྒྱུའི་བྱེས་སྐྱེས་སྲོག་ཆགས་ཀྱི་མིང་ཐོ་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་དཔྱད་དཔོག་སྒྲིག་འཛུགས་བྱས་རྗེས་བཟོ་འགོད་དང་ལེགས་སྒྲིག་བྱེད་པ་དང་སྦྲགས་ཁྱབ་བསྒྲགས་བྱ་རྒྱུ།
     སྐྱེ་དངོས་དང་ཚན་རིག སྤྱི་ཚོགས་བཅས་ཀྱི་རིན་ཐང་ཆེན་པོ་ལྡན་པའི་སྐམ་འཚོའི་བྱེས་སྐྱེས་སྲོག་ཆགས་ཀྱི་མིང་ཐོ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་ནས་ཚན་རིག་དང་མཐུན་པའི་དཔྱད་དཔོག་བྱ་རྒྱུའི་སྒྲིག་འཛུགས་བྱས་རྗེས་བཟོ་འགོད་དང་ལེགས་སྒྲིག་བྱེད་པ་དང་སྦྲགས་ཁྱབ་བསྒྲགས་བྱ་རྒྱུ།
     དོན་ཚན་བཅུ་གཅིག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་གིས་འབྲེལ་ཡོད་ཚན་རིག་ཞིབ་འཇུག་ལས་ཁུངས་དུས་བཀག་ལྟར་སྒྲིག་འཛུགས་བྱེད་པའམ་ཡང་ན་མངགས་བཅོལ་བྱས་ཏེ་བྱེས་སྐྱེས་སྲོག་ཆགས་དང་དེའི་འཚོ་སྡོད་ཁུལ་གྱི་གནས་ཚུལ་ལ་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན། དཔྱད་དཔོག་བཅས་བྱེད་དུ་བཅུག་ནས་བྱེས་སྐྱེས་སྲོག་ཆགས་དང་དེའི་འཚོ་སྡོད་ཁུལ་གྱི་ཡིག་ཚགས་གསར་འཛུགས་དང་འཐུས་སྒོ་ཚང་དུ་གཏོང་དགོས།
     བྱེས་སྐྱེས་སྲོག་ཆགས་དང་དེའི་འཚོ་སྡོད་ཁུལ་གྱི་གནས་ཚུལ་ལ་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན། དཔྱད་དཔོག་བཅས་བྱེད་པར་གཤམ་གསལ་གྱི་ནང་དོན་ཚུད་དགོས་པ་སྟེ།
     (གཅིག)བྱེས་སྐྱེས་སྲོག་ཆགས་བྱེས་སུ་ཁྱབ་ཚུལ་དང་། རིགས་ཁྱུའི་གྲངས་འབོར་དང་གྲུབ་ཚུལ་དང་།
     (གཉིས།)བྱེས་སྐྱེས་སྲོག་ཆགས་འཚོ་སྡོད་ཁུལ་གྱི་རྒྱ་ཁྱོན་དང་། སྐྱེ་ཁམས་ཀྱི་གནས་ཚུལ།
     (གསུམ།)བྱེས་སྐྱེས་སྲོག་ཆགས་དང་དེའི་འཚོ་སྡོད་ཁུལ་གྱི་འཇིགས་སྐུལ་རྒྱུ་རྐྱེན་གཙོ་བོ།
     (བཞི།)བྱེས་སྐྱེས་སྲོག་ཆགས་མིའི་ཐབས་ལ་བརྟེན་ནས་གསོ་སྤེལ་བྱེད་ཚུལ་སོགས་བརྟག་དཔྱད་དང་། ལྟ་ཞིབ་ཚད་ལེན། དཔྱད་དཔོག་བཅས་བྱ་དགོས་པའི་ནང་དོན་གཞན་དག་བཅས་ཡིན།  
     དོན་ཚན་བཅུ་གཉིས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་བྱེས་སྐྱེས་སྲོག་ཆགས་དང་དེའི་འཚོ་སྡོད་ཁུལ་གྱི་གནས་ཚུལ་ལ་བརྟག་དཔྱད་དང་། ལྟ་ཞིབ་ཚད་ལེན། དཔྱད་དཔོག་བཅས་བྱས་པའི་གནས་ཚུལ་ལ་གཞིགས་ནས་བྱེས་སྐྱེས་སྲོག་ཆགས་འཚོ་སྡོད་ཁུལ་གཙོ་བོའི་གྲས་ཀྱི་མིང་ཐོ་གཏན་འཁེལ་བྱེད་པ་མ་ཟད་ཁྱབ་བསྒྲགས་ཀྱང་བྱེད་དགོས།
     ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཁྲིམས་ལྟར་འབྲེལ་ཡོད་རང་བྱུང་སྲུང་སྐྱོང་ས་ཁོངས་ཀྱི་དབྱེ་མཚམས་བཅད་དེ། བྱེས་སྐྱེས་སྲོག་ཆགས་དང་དེ་དག་གི་འཚོ་སྡོད་ཁུལ་གཙོ་བོ་སྲུང་སྐྱོང་བྱ་རྒྱུ་དང་། བྱེས་སྐྱེས་སྲོག་ཆགས་འཚོ་གནས་ཁོར་ཡུག་སྲུང་སྐྱོང་དང་། སླར་གསོ། ལེགས་བཅོས་བཅས་བྱ་རྒྱུ། འབྲེལ་ཡོད་རང་བྱུང་སྲུང་སྐྱོང་ས་ཁོངས་ཀྱི་དབྱེ་མཚམས་གཅོད་པའི་ཆ་རྐྱེན་མེད་པའི་རིགས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རྔོན་(འཛིན་)ལས་བཀག་སྡོམ་ཁུལ་གྱི་དབྱེ་མཚམས་གཅོད་པ་དང་། རྔོན་(འཛིན་)ལས་བཀག་སྡོམ་དུས་སྐབས་གཏན་འབེབས་བྱེད་པ་སོགས་བྱེད་ཐབས་གཞན་དག་སྤྱད་དེ་སྲུང་སྐྱོང་བྱས་ཆོག 
     འབྲེལ་ཡོད་རང་བྱུང་སྲུང་སྐྱོང་ས་ཁོངས་སུ་ཕྱི་ལོགས་ནས་ཡོང་བའི་སྐྱེ་དངོས་རིགས་འདྲེན་པ་དང་། ཤིང་སྣ་གཅིག་རང་འཛུགས་གཉེར་བྱེད་པ། ཞིང་སྨན་རྒྱག་ཐལ་ཤོར་བ་སོགས་མིས་བཟོས་འགལ་རྐྱེན་དང་། བྱེས་སྐྱེས་སྲོག་ཆགས་འཚོ་སྡོད་སྐྱེ་འཕེལ་ཡོང་བར་འཇིགས་སྣང་སྐུལ་བའི་བྱ་སྤྱོད་བཀག་འགོག་གམ་ཚོད་འཛིན་བྱེད་དགོས། 
     འབྲེལ་ཡོད་རང་བྱུང་སྲུང་སྐྱོང་ས་ཁོངས་ནི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་འཁོད་གཏན་འབེབས་ལྟར་དབྱེ་འབྱེད་དང་དོ་དམ་བྱ་རྒྱུ། 
     དོན་ཚན་བཅུ་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་གསར་སྤེལ་དང་བེད་སྤྱོད་སྐོར་གྱི་འཆར་གཞི་བཟོ་སྐབས། བྱེས་སྐྱེས་སྲོག་ཆགས་དང་དེའི་འཚོ་སྡོད་ཁུལ་སྲུང་སྐྱོང་གི་དགོས་མཁོར་བསམ་གཞིགས་གང་ལེགས་བྱེད་པ་དང་། འཆར་གཞི་ལག་ལེན་བསྟར་སྐབས་བྱེས་སྐྱེས་སྲོག་ཆགས་དང་དེའི་འཚོ་སྡོད་ཁུལ་སྲུང་སྐྱོང་ཐད་ལ་བཟོ་སྲིད་པའི་སྤྱི་ཡོངས་ཀྱི་གནོད་སྐྱོན་ལ་དབྱེ་ཞིབ་དང་། སྔོན་དཔག དཔྱད་དཔོག་བཅས་བྱས་ནས། འཆར་གཞི་ལག་ལེན་བསྟར་བའི་རྐྱེན་ལས་ཐོན་སྲིད་པའི་མཇུག་འབྲས་ངན་པ་མི་ཡོང་སྔོན་འགོག་གམ་ཡོང་གྲངས་ཉུང་དུ་གཏོང་དགོས།
     བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ནང་དུ་འཛུགས་སྐྲུན་བྱེད་མི་ཆོག་ཅེས་གཏན་འབེབས་བྱས་པའི་རྣམ་གྲངས་འབྲེལ་ཡོད་རང་བྱུང་སྲུང་སྐྱོང་ས་ཁོངས་སུ་འཛུགས་སྐྲུན་བྱེད་མི་ཆོག གནམ་གྲུ་ཐང་དང་། ལྕགས་ལམ། གཞུང་ལམ། ཆུ་བེད་ཆུ་གློག ཆུ་འགོག་ར་བ། རྒྱ་མཚོ་སྐོར་སྐོང་སོགས་འཛུགས་སྐྲུན་རྣམ་གྲངས་ཀྱི་གནས་ཡུལ་དང་ལམ་ཐིག་འདེམས་དུས། འབྲེལ་ཡོད་རང་བྱུང་སྲུང་སྐྱོང་ས་ཁོངས་དང་། བྱེས་སྐྱེས་སྲོག་ཆགས་གནས་སྤོ་ཕྱིར་ལོག་བགྲོད་ལམ་དང་གཡོལ་ཐབས་བྱེད་དགོས། གཡོལ་ཐབས་མེད་ཚེ་བྱེས་སྐྱེས་སྲོག་ཆགས་ཀྱི་བགྲོད་ལམ་དང་ཉའི་རྒྱུག་ལམ་བཟོ་བ་སོགས་ཀྱི་ཐབས་སྤྱད་ནས་བྱེས་སྐྱེས་སྲོག་ཆགས་ལ་ཐེབས་པའི་ཤུགས་རྐྱེན་ངན་པ་སེལ་བའམ་ཆུང་དུ་གཏོང་དགོས།
     འབྲེལ་ཡོད་རང་བྱུང་སྲུང་སྐྱོང་ས་ཁོངས་དང་། བྱེས་སྐྱེས་སྲོག་ཆགས་གནས་སྤོ་ཕྱིར་ལོག་བགྲོད་ལམ་ལ་གནོད་པ་བཟོ་སྲིད་པའི་འཛུགས་སྐྲུན་རྣམ་གྲངས་ཡིན་ཚེ། ཁོར་ཡུག་ལ་ཤུགས་རྐྱེན་གང་ཡོང་གི་གདེང་འཇོག་ཡིག་ཆར་ཞིབ་མཆན་འགོད་མཁན་སྡེ་ཁག་གིས་ཁོར་ཡུག་ལ་ཤུགས་རྐྱེན་གང་ཡོང་གི་གདེང་འཇོག་ཡིག་ཆར་ཞིབ་མཆན་འགོད་སྐབས། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེས་སྐྱེས་སྲོག་ཆགས་དང་འབྲེལ་བ་ཡོད་རིགས་ཡིན་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་གི་བསམ་འཆར་ཉན་ལེན་བྱེད་དགོས། ས་གནས་ཀྱི་གཙོ་གནད་སྲུང་སྐྱོང་བྱེས་སྐྱེས་སྲོག་ཆགས་དང་འབྲེལ་བ་ཡོད་རིགས་ཡིན་ན། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་གི་བསམ་འཆར་ཉན་ལེན་བྱེད་དགོས།
     དོན་ཚན་བཅུ་བཞི་པ། བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་རིམ་པ་ཁག་གིས་ཡུལ་ཁམས་ལས་བྱེས་སྐྱེས་སྲོག་ཆགས་ལ་ཤུགས་རྐྱེན་ཡོང་ཚུལ་ལ་ལྟ་ཞིབ་དང་ཞིབ་དཔྱད་ཚད་ལེན་བྱེད་དགོས། ཡུལ་ཁམས་ཀྱི་རྐྱེན་གྱིས་བྱེས་སྐྱེས་སྲོག་ཆགས་ལ་གནོད་འཚེ་བྱུང་ན། བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་བརྟག་དཔྱད་ཐོག་ཐག་གཅོད་བྱེད་དགོས།
     དོན་ཚན་བཅོ་ལྔ་པ། རྒྱལ་ཁབ་བམ་ས་གནས་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱ་རྒྱུའི་བྱེས་སྐྱེས་སྲོག་ཆགས་ལ་རང་བྱུང་གནོད་འཚེ་དང་། ཁོར་ཡུག་སྦགས་བཙོག་གི་བྱུར་རྐྱེན་ཆེན་པོ་སོགས་གློ་བུར་དུ་བྱུང་བའི་དོན་རྐྱེན་གྱི་འཇིགས་སྣང་ཐེབས་ཚེ། ས་གནས་དེ་གའི་མི་དམངས་སྲིད་གཞུང་གིས་དུས་ཐོག་ཏུ་འཕྲལ་མཁོའི་སྐྱོབ་ཐབས་སྤྱོད་དགོས།
     རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བྱེས་སྐྱེས་སྲོག་ཆགས་བཀག་ཉར་བྱས་ནས་སྨན་བཅོས་སྲོག་སྐྱོབ་བྱེད་པའི་ལས་དོན་སྒྲུབ་རྒྱུ་སྒྲིག་འཛུགས་བྱེད་དགོས།
     བྱེས་སྐྱེས་སྲོག་ཆགས་བཀག་ཉར་བྱས་ནས་སྨན་བཅོས་སྲོག་སྐྱོབ་བྱ་རྒྱུར་ཁ་གཡར་ནས་བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་ཉོ་ཚོང་བྱེད་རིགས་གཏན་འགོག་བྱེད་དགོས།
     དོན་ཚན་བཅུ་དྲུག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་དང་ཕྱུགས་སྨན་གཙོ་སྐྱོང་སྡེ་ཁག་གིས་འགན་འཁྲིའི་ལས་བགོས་ལྟར་བྱེས་སྐྱེས་སྲོག་ཆགས་ཀྱི་རིམས་ནད་ཀྱི་འབྱུང་ཁུངས་དང་རིམས་ནད་ལ་ལྟ་ཞིབ་ཚད་ལེན་བྱེད་པ་དང་། སྔོན་དཔག་དང་སྔོན་བརྡ་སོགས་ཀྱི་ལས་ཀ་སྒྲུབ་རྒྱུ་སྒྲིག་འཛུགས་བྱེད་པ་དང་ཆབས་ཅིག་གཏན་འབེབས་ལྟར་བྱེས་སྐྱེས་སྲོག་ཆགས་ཀྱི་རིམས་ནད་ཐད་ཀྱི་འཕྲལ་སྒྲུབ་སྔོན་ཇུས་བཟོས་ནས་རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཞུ་བའམ་ཐོ་འགོད་སྙན་སེང་ཞུ་དགོས།
     རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་དང་། ཕྱུགས་སྨན་གཙོ་སྐྱོང་སྡེ་ཁག འཕྲོད་བསྟེན་གཙོ་སྐྱོང་སྡེ་ཁག་བཅས་ཀྱིས་འགན་འཁྲིའི་ལས་བགོས་ལྟར་མི་ཕྱུགས་མཉམ་ཕོག་རིམས་ནད་དང་འབྲེལ་བ་ཡོད་པའི་སྲོག་ཆགས་ཀྱི་འགོས་ནད་འགོག་བཅོས་དོ་དམ་ལས་ཀ་སྒྲུབ་འགན་འཁུར་དགོས།
     དོན་ཚན་བཅུ་བདུན་པ། རྒྱལ་ཁབ་ཀྱིས་བྱེས་སྐྱེས་སྲོག་ཆགས་ཀྱི་རྒྱུད་འཛིན་འབྱུང་ཁུངས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱུད་ཆད་ལ་ཉེ་བའི་བྱེས་སྐྱེས་སྲོག་ཆགས་ལ་མྱུར་སྐྱོབ་རང་བཞིན་ལྡན་པའི་སྲུང་སྐྱོང་བྱ་རྒྱུ།
     རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་བྱེས་སྐྱེས་སྲོག་ཆགས་རྒྱུད་འཛིན་འབྱུང་ཁུངས་སྲུང་སྐྱོང་དང་བཀོལ་སྤྱོད་སྐོར་གྱི་འཆར་འགོད་བཟོ་བ་དང་། རྒྱལ་ཁབ་ཀྱི་བྱེས་སྐྱེས་སྲོག་ཆགས་རྒྱུད་འཛིན་འབྱུང་ཁུངས་ཀྱི་རྒྱུད་རྒྱུའི་མཛོད་བཙུགས་ཏེ་རང་རྒྱལ་ནས་ཐོན་པའི་རྩ་ཆེ་ཞིང་རྒྱུད་ཆད་ལ་ཉེ་བའི་བྱེས་སྐྱེས་སྲོག་ཆགས་ཀྱི་རྒྱུད་འཛིན་འབྱུང་ཁུངས་གཙོ་གནད་དུ་བཟུང་ནས་སྲུང་སྐྱོང་བྱེད་དགོས།
     དོན་ཚན་བཅོ་བརྒྱད་པ། འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གིས་བྱེད་ཐབས་སྤྱད་ནས་བྱེས་སྐྱེས་སྲོག་ཆགས་ཀྱིས་བཟོ་སྲིད་པའི་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་བྱས་ནས་མི་ཕྱུགས་གཉིས་ཀའི་བདེ་འཇགས་དང་ཞིང་ལས་དང་ནགས་ལས་ཀྱི་ཐོན་སྐྱེད་ལ་ཁག་ཐེག་བྱེད་དགོས།
     དོན་ཚན་བཅུ་དགུ་པ། བཅའ་ཁྲིམས་འདིའི་ནང་འཁོད་པའི་སྲུང་སྐྱོང་བྱེད་དགོས་པའི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱས་པའི་རྐྱེན་གྱིས་མི་ཤི་རྨས་དང་། ཞིང་ལས་ལོ་ཏོག་གམ་རྒྱུ་ནོར་གཞན་དག་ལ་གྱོང་གུན་ཐེབས་རིགས་བྱུང་ཚེ། ས་གནས་དེ་གའི་མི་དམངས་སྲིད་གཞུང་གིས་སྐྱིན་གསབ་སྤྲོད་དགོས། བྱ་ཐབས་ཞིབ་ཕྲ་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱ་རྒྱུ། འགན་བཅོལ་ལས་ཁུངས་ཀྱིས་བྱེས་སྐྱེས་སྲོག་ཆགས་གི་གནོད་འཚེ་ལས་བྱུང་བའི་གྱོང་གུན་ལ་སྐྱིན་གསབ་སྤྲོད་པའི་ཉེན་འགོག་འགན་ལེན་གྱི་ལས་སྒོ་སྤེལ་བར་འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གིས་སྐུལ་འདེད་བཏང་ཆོག
     རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེས་སྐྱེས་སྲོག་ཆགས་ཀྱིས་གནོད་འཚེ་བཟོ་རིགས་འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གིས་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་སྤྱོད་པ་དང་དེ་བཞིན་སྐྱིན་གསབ་སྤྲོད་པར་མཁོ་བའི་གྲོན་དངུལ་ནི་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཁ་གསབ་རོགས་རམ་བྱ་རྒྱུ།
【1】  【2】  【3】  【4】  【5】