འཚོལ་བཤེར།   
藏文频道
2020ལོའི་ཟླ་2ཚེས་28ཉིན།

༄༅། །བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་26ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ལེའུ་གསུམ་པ། བྱེས་སྐྱེས་སྲོག་ཆགས་དོ་དམ་བྱ་རྒྱུའི་སྐོར།
     དོན་ཚན་ཉི་ཤུ་པ། བཅའ་ཁྲིམས་དང་ཁྲིམས་སྲོལ་དུ་ལོགས་སུ་གཏན་འབེབས་བྱས་རིགས་ཕུད། འབྲེལ་ཡོད་ཀྱི་རང་བྱུང་སྲུང་སྐྱོང་ས་ཁོངས་དང་རྔོན་(འཛིན་)ལས་བཀག་སྡོམ་ཁུལ། རྔོན་(འཛིན་)ལས་བཀག་སྡོམ་བྱེད་སྐབས་བཅས་ཀྱི་ནང་རྔོན་རྒྱག་པ་དང་དེ་བཞིན་བྱེས་སྐྱེས་སྲོག་ཆགས་འཚོ་སྡོད་སྐྱེ་འཕེལ་ལ་གནོད་པའི་བྱེད་སྒོ་སྤེལ་མི་ཆོག
     བྱེས་སྐྱེས་སྲོག་ཆགས་གནས་སྤོ་ཕྱིར་ལོག་གི་དུས་སྐབས་སུ། གོང་གསལ་ནང་གསེས་དོན་ཚན་ནང་གཏན་འབེབས་བྱས་པའི་ས་ཁོངས་ཕུད་པའི་གནས་སྤོ་ཕྱིར་ལོག་གི་བགྲོད་ལམ་དུ། རྔོན་འཛིན་བྱས་མི་ཆོག་པ་དང་དེ་བཞིན་བྱེས་སྐྱེས་སྲོག་ཆགས་འཚོ་སྡོད་སྐྱེ་འཕེལ་ལ་གནོད་པའི་བྱ་བ་གཞན་དག་ཚོད་འཛིན་དམ་ནན་བྱ་རྒྱུ། གནས་སྤོ་ཕྱིར་ལོག་བགྲོད་ལམ་གྱི་ཁྱབ་ཁོངས་དང་དེ་བཞིན་བྱེས་སྐྱེས་སྲོག་ཆགས་འཚོ་སྡོད་སྐྱེ་འཕེལ་ལ་གནོད་པའི་ནང་དོན་རྣམས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ངམ་ཡང་ན་དེའི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་བྱ་རྒྱུ་མ་ཟད་སྤྱི་བསྒྲགས་ཀྱང་བྱེད་དགོས།
     དོན་ཚན་ཉེར་གཅིག་པ། རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱ་རྒྱུའི་བྱེས་སྐྱེས་སྲོག་ཆགས་རྔོན་རྒྱག་རིགས་དང་སྲོག་གཅོད་རིགས་གཏན་འགོག་བྱ་རྒྱུ། 
     ཚན་རིག་ཞིབ་འཇུག་དང་། ཚོགས་ཁྱུ་ཚོད་འཛིན། རིམས་ནད་འབྱུང་ཁུངས་དང་རིམས་ནད་ལྟ་ཞིབ་ཚད་ལེན་བཅས་བྱེད་པའམ་ཡང་ན་དམིགས་བསལ་གནས་ཚུལ་གཞན་གྱི་དབང་གིས་རྒྱལ་ཁབ་ཀྱི་སྲུང་རིམ་དང་པོའི་བྱེས་སྐྱེས་སྲོག་ཆགས་རྔོན་འཛིན་བྱེད་དགོས་ཚེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་ལ་རི་དྭགས་རྔོན་འཐུས་དམིགས་བསལ་ལག་ཁྱེར་འཐོབ་རེ་ཞུ་དགོས་པ་དང་། རྒྱལ་ཁབ་ཀྱི་སྲུང་རིམ་གཉིས་པའི་བྱེས་སྐྱེས་སྲོག་ཆགས་རྔོན་འཛིན་བྱེད་དགོས་ཚེ། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་ལ་རི་དྭགས་རྔོན་འཐུས་དམིགས་བསལ་ལག་ཁྱེར་འཐོབ་རེ་ཞུ་དགོས།
     དོན་ཚན་ཉེར་གཉིས་པ། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེད་ཁོངས་སུ་མི་ཚུད་པའི་བྱེས་སྐྱེས་སྲོག་ཆགས་རྔོན་འཛིན་བྱེད་དགོས་ཚེ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་གིས་དཔྱད་སྤྲོད་བྱས་པའི་རི་དྭགས་རྔོན་འཐུས་ལག་ཁྱེར་ཁྲིམས་མཐུན་ལྟར་འཐོབ་དགོས་པ་དང་འབྲེལ་རྔོན་འཐུས་གྲངས་བཅད་ཀྱི་དོ་དམ་ལའང་བརྩི་སྲུང་ཞུ་དགོས། 
     དོན་ཚན་ཉེར་གསུམ་པ། རྔོན་རྒྱག་མཁན་གྱིས་རི་དྭགས་རྔོན་འཐུས་ཀྱི་དམིགས་བསལ་ལག་ཁྱེར་དང་རི་དྭགས་རྔོན་འཐུས་ལག་ཁྱེར་ནང་འཁོད་པའི་རིགས་སྣ་དང་གྲངས་ཚད། ས་གནས། ལག་ཆ། བྱ་ཐབས། དུས་བཀག་བཅས་ཀྱི་གཏན་འབེབས་ལྟར་རྔོན་འཛིན་བྱེད་དགོས།
     མེ་མདའ་ཁྱེར་ནས་རྔོན་རྒྱག་མཁན་ཡིན་ན། སྤྱི་བདེ་ལས་ཁུངས་ནས་དཔྱད་སྤྲོད་བྱས་པའི་མེ་མདའ་ཁྱེར་འཐུས་ལག་ཁྱེར་ཁྲིམས་ལྟར་འཐོབ་དགོས།
     དོན་ཚན་ཉེར་བཞི་པ། དུག་རྫས་དང་འབར་རྫས། གློག་གི་སྣུན་ཆས་སམ་གློག་རྡུལ་གྱི་བསླུ་འཛིན་སྒྲིག་ཆས་དང་དེ་མིན་རྒྱ་རྙི་དང་། ལྕགས་རྙི། ས་མདའ། རྫས་མདའ་སོགས་པའི་ལག་ཆ་སྤྱད་ནས་རི་དྭགས་རྔོན་འཛིན་བྱེད་རིགས་བཀག་སྡོམ་བྱ་རྒྱུ་དང་། མཚན་མོའི་གློག་སྒྲོན་ལ་བརྟེན་ནས་རི་དྭགས་རྔོན་པ་དང་། ཚར་གཅོད་རང་བཞིན་གྱི་རི་དྭགས་སྐོར་རྔོན། ཚང་གཏོར་བ།  མེ་རྒྱག་པ། དུ་བས་བདུག་པ། དྲ་འཛིན་སོགས་ཀྱི་ཐབས་ལ་བརྟེན་ནས་རྔོན་འཛིན་བྱེད་རིགས་བཀག་སྡོམ་བྱ་རྒྱུ། ཡིན་ནའང་ཚན་རིག་ཞིབ་འཇུག་ལ་མཁོ་བའི་དབང་གིས་དངོས་འབྲེལ་དྲ་འཛིན་དང་། གློག་རྡུལ་གྱིས་བསླུ་འཛིན་དགོས་རིགས་འདིའི་ཁོངས་སུ་མི་ཚུད།
     གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ནང་མི་ཚུད་པའི་རྔོན་རྒྱག་ལག་ཆ་དང་འཛིན་ཐབས་བཀག་འགོག་དགོས་རིགས་རྣམས་ནི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱས་ནས་སྤྱི་བསྒྲགས་བྱ་རྒྱུ།
     དོན་ཚན་ཉེར་ལྔ་པ། འབྲེལ་ཡོད་ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱིས་སྲོག་ཆགས་ཀྱི་རིགས་སྲུང་སྐྱོང་བྱེད་ཆེད་དུ་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེས་སྐྱེས་སྲོག་ཆགས་མིའི་ཐབས་ཀྱིས་གསོ་སྤེལ་བྱེད་པར་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱ་རྒྱུ། 
     གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ནང་མི་ཚུད་པའི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེས་སྐྱེས་སྲོག་ཆགས་མིའི་ཐབས་ཀྱིས་གསོ་སྤེལ་བྱེད་པར་ཆོག་འཁྲོལ་ལམ་ལུགས་ལག་བསྟར་བྱ་རྒྱུ། མིའི་ཐབས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེས་སྐྱེས་སྲོག་ཆགས་གསོ་སྤེལ་བྱེད་མཁན་ཡིན་ན།  ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་གིས་ཆོག་མཆན་བཀོད་ནས་ མིའི་ཐབས་ཀྱི་གསོ་སྤེལ་འཁྲོལ་འཛིན་འཐོབ་དགོས། ཡིན་ནའང་མཆན་འགོད་ལས་ཁུངས་ཐད་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོགས་སུ་གཏན་འབེབས་བྱས་ཡོད་རིགས་འདིའི་ཁོངས་སུ་མི་ཚུད།
     རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེས་སྐྱེས་སྲོག་ཆགས་མིའི་ཐབས་ཀྱིས་གསོ་སྤེལ་བྱེད་པར་མིའི་ཐབས་ལ་བརྟེན་ནས་ཕྱི་རབས་རྒྱུད་ཁུངས་གསོ་སྤེལ་བྱེད་ཐབས་སྤྱད་དེ། སྲོག་ཆགས་ཀྱི་རིགས་རྒྱུད་མཚོན་ཁོངས་དང་། གསོ་སྤེལ་གྱི་ཡིག་ཚགས། ཁེར་རྐྱང་གི་གཞི་གྲངས་བཅས་བཟོ་དགོས། སྲོག་ཆགས་ཀྱི་རིགས་སྲུང་སྐྱོང་བྱེད་ཆེད་དུ་བྱེས་སྐྱེས་ཀྱི་རིགས་རྒྱུད་མི་སྤྱོད་ཀ་མེད་བྱུང་ཚེ། བཅའ་ཁྲིམས་འདིའི་དོན་ཚན་ཉེར་གཅིག་པ་དང་དོན་ཚན་ཉེར་གསུམ་པའི་གཏན་འབེབས་སྤྱད་འཐུས།
     བཅའ་ཁྲིམས་འདིའི་ནང་བརྗོད་པའི་མིའི་ཐབས་ཀྱིས་དངོས་རིགས་ཀྱི་ཕྱི་རབས་གསོ་སྤེལ་བྱེད་པ་ཞེས་པ་ནི་མིས་ཚོད་འཛིན་བྱེད་པའི་ཆ་རྐྱེན་འོག་རྒྱུད་སྤེལ་བྱས་ནས་སྐྱེས་པའི་ཕྱི་རབས་བྱེ་བྲག་པ་མ་ཚད་དེའི་གཞི་མའང་མིའི་ཐབས་ཀྱིས་ཚོད་འཛིན་བྱེད་པའི་ཆ་རྐྱེན་འོག་སྐྱེས་པར་ཟེར།
     དོན་ཚན་ཉེར་དྲུག་པ། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེས་སྐྱེས་སྲོག་ཆགས་མིའི་ཐབས་ལ་བརྟེན་ནས་གསོ་སྤེལ་བྱེད་པ་དེ་ནི་སྲོག་ཆགས་ཀྱི་རིགས་སྲུང་སྐྱོང་དང་ཚན་རིག་ཞིབ་འཇུག་བྱེད་པར་ཕན་པ་ཡིན་དགོས་པ་ལས། བྱེས་སྐྱེས་ཚོགས་ཁྱུའི་ཐོན་ཁུངས་ལ་གཏོར་བརླག་གཏོང་རིགས་ཡིན་མི་རུང་། དེས་མ་ཚད་བྱེས་སྐྱེས་སྲོག་ཆགས་ཀྱི་གོམས་ཚུལ་ལ་གཞིགས་ནས་དེ་དག་ལ་འགུལ་སྐྱོད་བྱེད་ས་དང་འཚོ་སྡོད་སྐྱེ་འཕེལ་དང་འཕྲོད་བསྟེན་བདེ་ཐང་ཡོང་བའི་ཆ་རྐྱེན་དགོས་ངེས་ཡོད་པ་དང་། དེ་དག་གསོ་སྤེལ་གྱི་དམིགས་ཡུལ་དང་། རིགས་སྣ། འཕེལ་ཁྱོན་བཅས་དང་འཚམ་པའི་གནས་ཡུལ་དང་། སྒྲིག་ཆས། ལག་རྩལ་བཅས་ཡོད་པ། འབྲེལ་ཡོད་ལག་རྩལ་གྱི་ཚད་གཞི་དང་རིམས་འགོག་བླང་བྱ་དང་མཐུན་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས་པ་ལས། བྱེས་སྐྱེས་སྲོག་ཆགས་ལ་སྡུག་གཅོད་བཏང་མི་ཆོག
     ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པའི་དགོས་མཁོར་གཞིགས་ནས། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེས་སྐྱེས་སྲོག་ཆགས་བྱེས་སྐྱེས་ཁོར་ཡུག་ཏུ་གློད་གཏོང་བྱེད་པའི་ལས་དོན་སྒྲུབ་རྒྱུ་སྒྲིག་འཛུགས་བྱེད་དགོས།
     དོན་ཚན་ཉེར་བདུན་པ། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་ཕྱིར་འཚོང་དང་ཉོ་སྒྲུབ། བེད་སྤྱོད་བཅས་བྱེད་རིགས་བཀག་འགོག་བྱ་རྒྱུ།
     ཚན་རིག་ཞིབ་འཇུག་དང་། མིའི་ཐབས་ཀྱིས་གསོ་སྤེལ། སྤྱི་དམངས་ལ་འགྲེམས་སྟོན་དང་འཁྲབ་སྟོན། རིག་དངོས་སྲུང་སྐྱོང་བཅས་སམ་ཡང་ན་དམིགས་བསལ་གྱི་གནས་ཚུལ་གཞན་པའི་རྐྱེན་གྱིས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་ཕྱིར་འཚོང་དང་ཉོ་སྒྲུབ། བེད་སྤྱོད་བཅས་བྱེད་དགོས་བྱུང་ཚེ། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་གི་ཆོག་མཆན་འཐོབ་དགོས་པ་མ་ཟད། གཏན་འབེབས་ལྟར་ཆེད་སྤྱོད་མཚོན་རྟགས་ཐོབ་པ་དང་བེད་སྤྱོད་བྱས་ནས་ཁུངས་འདེད་ཐུབ་པའི་འགན་ལེན་བྱེད་དགོས། ཡིན་ནའང་ཆོག་མཆན་འགོད་མཁན་ལས་ཁུངས་ཐད་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོགས་སུ་གཏན་འབེབས་བྱས་ཡོད་རིགས་འདིའི་ཁོངས་སུ་མི་ཚུད།
     རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་ཀྱི་ཆེད་སྤྱོད་མཚོན་རྟགས་སྤྱོད་ཁོངས་དང་དོ་དམ་བྱེད་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་བྱ་རྒྱུ།
     རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེད་ཁོངས་སུ་མི་ཚུད་པའི་བྱེས་སྐྱེས་སྲོག་ཆགས་ཕྱིར་འཚོང་དང་བེད་སྤྱོད་བྱས་ན། རྔོན་རྒྱག་པ་དང་ཕྱིར་གཏོང་ནང་འདྲེན་སོགས་ཀྱི་ཁྲིམས་མཐུན་ཡོང་ཁུངས་དཔང་ཡིག་འདོན་དགོས།
     དོན་ཚན་འདིའི་ནང་གསེས་དོན་ཚན་གཉིས་པ་དང་ནང་གསེས་དོན་ཚན་བཞི་པར་གཏན་ལ་ཕབ་པའི་བྱེས་སྐྱེས་སྲོག་ཆགས་ཕྱིར་འཚོང་བྱེད་མཁན་ཡིན་ན། ད་དུང་ཁྲིམས་ལྟར་རིམས་ནད་ཞིབ་བཤེར་དཔང་ཡིག་ཟུར་དུ་འགོད་དགོས།
     དོན་ཚན་ཉེར་བརྒྱད་པ། ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད་མིའི་ཐབས་ཀྱི་གསོ་སྤེལ་ལག་རྩལ་གནད་སྨིན་འཐུས་ཚང་དང་བརྟན་པོ་ཡིན་པའི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེས་སྐྱེས་སྲོག་ཆགས་དག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་གིས་གཏན་འབེབས་བྱས་པའི་མིའི་ཐབས་ཀྱིས་གསོ་སྤེལ་བྱ་རྒྱུའི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེས་སྐྱེས་སྲོག་ཆགས་ཀྱི་མིང་ཐོའི་ནང་དུ་འགོད་རྒྱུ། མིང་ཐོའི་ནང་བཀོད་པའི་བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་དག་མིའི་ཐབས་ཀྱི་གསོ་སྤེལ་བྱས་འཐུས་ལག་ཁྱེར་ལ་བརྟེན་ནས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་གིས་ཞིབ་བཤེར་བྱས་པའི་ལོ་འཁོར་གྱི་ཐོན་སྐྱེད་གྲངས་འབོར་ལ་གཞིགས་ནས་ཐད་ཀར་ཆེད་སྤྱོད་མཚོན་རྟགས་ཐོབ་ཆོག ཆེད་སྤྱོད་མཚོན་རྟགས་ལ་བརྟེན་ནས་ཕྱིར་འཚོང་དང་བེད་སྤྱོད་བྱས་ཆོག་པ་དང་། ཁུངས་འདེད་ཐུབ་པའི་འགན་ལེན་བྱེད་དགོས།
     བཅའ་ཁྲིམས་འདིའི་དོན་ཚན་བཅུ་པའི་ནང་གཏན་འབེབས་བྱས་པའི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེས་སྐྱེས་སྲོག་ཆགས་ཀྱི་མིང་ཐོ་ལེགས་སྒྲིག་བྱེད་སྐབས། བྱེས་སྐྱེས་ཚོགས་ཁྱུ་སྲུང་སྐྱོང་བྱས་པའི་གནས་ཚུལ་ལ་གཞིགས་ནས། གོང་གསལ་ནང་གསེས་དོན་ཚན་ནང་གཏན་འབེབས་བྱས་པའི་མིའི་ཐབས་ཀྱི་གསོ་སྤེལ་ལག་རྩལ་གནད་སྨིན་འཐུས་ཚང་དང་བརྟན་པོ་ཡིན་པའི་བྱེས་སྐྱེས་སྲོག་ཆགས་མིས་གསོས་ཚོགས་ཁྱུ་དག་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེས་སྐྱེས་སྲོག་ཆགས་ཀྱི་མིང་ཐོའི་ནང་སླར་ཡང་བཅུག་མེད་པར། བྱེས་སྐྱེས་ཚོགས་ཁྱུ་དང་མི་འདྲ་བའི་དོ་དམ་བྱེད་ཐབས་ལག་བསྟར་བྱ་རྒྱུ། འོན་ཀྱང་བཅའ་ཁྲིམས་འདིའི་དོན་ཚན་ཉེར་ལྔ་པའི་ནང་གསེས་དོན་ཚན་གཉིས་པ་དང་། དོན་ཚན་འདིའི་ནང་གསེས་དོན་ཚན་དང་པོའི་གཏན་འབེབས་ལྟར། མིའི་ཐབས་ཀྱི་གསོ་སྤེལ་བྱས་འཐུས་ལག་ཁྱེར་དང་ཆེད་སྤྱོད་མཚོན་རྟགས་འཐོབ་དགོས།
     དོན་ཚན་ཉེར་དགུ་པ། བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་བེད་སྤྱོད་བྱེད་པར་མིའི་ཐབས་ཀྱིས་ཚོགས་ཁྱུ་གསོ་སྤེལ་བྱ་རྒྱུ་གཙོ་བོར་འཛིན་པ་དང་། བྱེས་སྐྱེས་ཚོགས་ཁྱུ་བདག་སྐྱོང་བྱ་རྒྱུར་ཕན་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་གྱི་བླང་བྱ་དང་མཐུན་པ། སྤྱི་ཚོགས་ཀྱི་སྤྱི་པའི་ཀུན་སྤྱོད་ལ་བརྩི་འཇོག བཅའ་ཁྲིམས་དང་ཁྲིམས་སྲོལ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་བཅས་ལ་བརྩི་སྲུང་བཅས་བྱེད་དགོས།
     བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་སྨན་རྫས་སུ་བྱས་ནས་ཚོང་གཉེར་དང་བེད་སྤྱོད་བྱེད་སྐབས་ད་དུང་སྨན་རྫས་དོ་དམ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་བྱེད་དགོས།
     དོན་ཚན་སུམ་ཅུ་པ། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་ཀྱིས་བཟོས་པའི་བཟའ་ཆས་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་རིགས་དང་། ཡང་ན་ཁྲིམས་མཐུན་གྱི་ཡོང་ཁུངས་དཔང་ཡིག་མེད་པའི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེད་ཁོངས་སུ་མི་ཚུད་པའི་བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་ཀྱིས་བཟོས་པའི་བཟའ་ཆས་བེད་སྤྱོད་བྱེད་རིགས་བཀག་འགོག་བྱ་རྒྱུ།
     བཟའ་བྱའི་ཆེད་དུ་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་ཁྲིམས་འགལ་གྱིས་ཉོ་སྒྲུབ་བྱེད་རིགས་བཀག་འགོག་བྱ་རྒྱུ།
     དོན་ཚན་སོ་གཅིག་པ། བྱེས་སྐྱེས་སྲོག་ཆགས་དང་ཡང་ན་སྤྱོད་མི་ཆོག་པའི་རྔོན་རྒྱག་ཆས་ཕྱིར་འཚོང་དང་། ཉོ་སྒྲུབ། བེད་སྤྱོད་བཅས་བྱེད་ཆེད་དུ་མཚམས་སྦྱོར་བརྡ་ཁྱབ་གཏོང་མི་ཆོག  བྱེས་སྐྱེས་སྲོག་ཆགས་ཀྱི་བཟོས་རྫས་ཁྲིམས་འགལ་གྱིས་ཕྱིར་འཚོང་དང་། ཉོ་སྒྲུབ།  བེད་སྤྱོད་བཅས་བྱེད་ཆེད་དུ་མཚམས་སྦྱོར་བརྡ་ཁྱབ་གཏོང་མི་ཆོག
     དོན་ཚན་སོ་གཉིས་པ། དྲ་ཐོག་ཉོ་ཚོང་ལས་སྟེགས་དང་ཚོང་ཟོག་ཉོ་ཚོང་ཚོང་ར་སོགས་ཉོ་ཚོང་བྱེད་སས་བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་སམ་ཡང་ན་སྤྱད་མི་ཆོག་པའི་རྔོན་རྒྱག་ཆས་ཁྲིམས་འགལ་གྱིས་ཉོ་ཚོང་དང་ཉོ་སྒྲུབ།      བེད་སྤྱོད་བཅས་བྱེད་ཆེད་དུ་ཉོ་འཚོང་གི་ཞབས་ཞུ་འདོན་སྤྲོད་བྱེད་མི་ཆོག
     དོན་ཚན་སོ་གསུམ་པ། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་དང་། བཅའ་ཁྲིམས་འདིའི་དོན་ཚན་ཉེར་བརྒྱད་པའི་ནང་གསེས་དོན་ཚན་གཉིས་པའི་ནང་གཏན་ལ་ཕབ་པའི་བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་རྫོང་ཁོངས་ཕྱི་ལོགས་སུ་སྐྱེལ་འདྲེན་དང་། འཁུར་འཁྱེར། བསྐུར་སྐྱེལ་བཅས་བྱས་ན། བཅའ་ཁྲིམས་འདིའི་དོན་ཚན་ཉེར་གཅིག་པ་དང་དོན་ཚན་ཉེར་ལྔ་པ། དོན་ཚན་ཉེར་བདུན་པའམ་དོན་ཚན་ཉེར་བརྒྱད་པ་བཅས་ཀྱི་ནང་གཏན་ལ་ཕབ་པའི་ཆོག་འཁྲོལ་འཛིན་ཡིག་དང་མཆན་འགོད་ཡིག་ཆའི་བུ་ཡིག་གམ་ཡང་ན་ཆེད་སྤྱོད་མཚོན་རྟགས་དང་དེ་བཞིན་རིམས་ནད་ཞིབ་བཤེར་དཔང་ཡིག་བཅས་བདག་གིར་འཛིན་པའམ་ཟུར་དུ་འགོད་དགོས།
     རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེད་ཁོངས་སུ་མི་ཚུད་པའི་བྱེས་སྐྱེས་སྲོག་ཆགས་རྫོང་ཁོངས་ཕྱི་ལོགས་སུ་སྐྱེལ་འདྲེན་བྱས་ན། རི་དྭགས་རྔོན་པ་དང་ཕྱིར་གཏོང་ནང་འདྲེན་སོགས་ཀྱི་ཁྲིམས་མཐུན་ཡོང་ཁུངས་ཀྱི་དཔང་ཡིག་དང་དེ་བཞིན་རིམས་ནད་ཞིབ་བཤེར་དཔང་ཡིག་བདག་གིར་འཛིན་དགོས།
     དོན་ཚན་སོ་བཞི་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་གིས་ཚན་རིག་ཞིབ་འཇུག་དང་། མིའི་ཐབས་ཀྱིས་གསོ་སྤེལ། སྤྱི་དམངས་ལ་འགྲེམས་སྟོན་དང་འཁྲབ་སྟོན་སོགས་བྱེད་སྐབས་བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་བཀོལ་སྤྱོད་བྱེད་པའི་བྱེད་སྒོ་ལ་ལྟ་སྐུལ་དང་དོ་དམ་བྱེད་དགོས།
     རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་འགན་འཁྲིའི་ལས་བགོས་ལྟར་བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་ཕྱིར་འཚོང་དང་། ཉོ་སྒྲུབ། བེད་སྤྱོད། སྐྱེལ་འདྲེན། སྐུར་སྐྱེལ་སོགས་ཀྱི་བྱེད་སྒོ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་དགོས།
     དོན་ཚན་སོ་ལྔ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཞག་པའམ་ཞུགས་པའི་རྒྱལ་སྤྱིའི་སྤྱི་ཆིངས་ནང་ཉོ་འཚོང་བཀག་འགོག་གམ་ཚོད་འཛིན་བྱེད་པའི་བྱེས་སྐྱེས་སྲོག་ཆགས་སམ་ཡང་ན་དེའི་བཟོས་རྫས་ཀྱི་མིང་ཐོ་ནི། རྒྱལ་ཁབ་ཀྱི་སྟོངས་ཉེའི་དངོས་རིགས་ཕྱིར་གཏོང་ནང་འདྲེན་དོ་དམ་ལས་ཁུངས་ཀྱིས་བཟོ་འགོད་དང་ལེགས་སྒྲིག་བྱེད་པ་དང་ཆབས་ཅིག་སྤྱི་བསྒྲགས་ཀྱང་བྱ་རྒྱུ།
     གོང་གསལ་ནང་གསེས་དོན་ཚན་གྱི་མིང་ཐོར་བཀོད་པའི་བྱེས་སྐྱེས་སྲོག་ཆགས་སམ་ཡང་ན་དེའི་བཟོས་རྫས་ཕྱིར་གཏོང་ནང་འདྲེན་བྱེད་པ་དང་། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེས་སྐྱེས་སྲོག་ཆགས་སམ་ཡང་ན་དེའི་བཟོས་རྫས་ཕྱིར་གཏོང་བྱས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་གམ་ཡང་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་འཐོབ་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་སྟོངས་ཉེའི་དངོས་རིགས་ཕྱིར་གཏོང་ནང་འདྲེན་དོ་དམ་ལས་ཁུངས་ནས་དཔྱད་སྤྲོད་བྱས་པའི་ཕྱིར་གཏོང་ནང་འདྲེན་བྱས་འཐུས་ཀྱི་ལག་ཁྱེར་ཡང་འཐོབ་དགོས། འགག་སྒོས་ཁྲིམས་ལྟར་ཕྱིར་གཏོང་ནང་འདྲེན་བྱེད་རིགས་ལ་རིམས་ནད་ཞིབ་བཤེར་བྱེད་སྐབས་ཕྱིར་གཏོང་ནང་འདྲེན་བྱས་འཐུས་ཀྱི་ལག་ཁྱེར་དང་། རིམས་ནད་ཞིབ་བཤེར་དཔང་ཡིག་གཞིར་བཟུང་ནས་འབྲེལ་ཡོད་གཏན་འབེབས་ལྟར་འགག་སྒོ་ལས་བརྒྱུད་པའི་འགྲོ་ལུགས་འགྲིམ་དགོས།  
     ཚན་རིག་ལག་རྩལ་གྱི་གསང་བྱ་དང་འབྲེལ་བ་ཡོད་པའི་བྱེས་སྐྱེས་སྲོག་ཆགས་ཀྱི་རིགས་ཕྱིར་གཏོང་བྱེད་སྐབས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་གཏན་འབེབས་ལྟར་འགྲོ་ལུགས་འགྲིམ་དགོས།
     དོན་ཚན་འདིའི་ནང་གསེས་དོན་ཚན་དང་པོའི་མིང་ཐོའི་ནང་བཀོད་པའི་བྱེས་སྐྱེས་སྲོག་ཆགས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་གི་ཞིབ་བཤེར་ཆོག་མཆན་ཐོབ་རྗེས། བཅའ་ཁྲིམས་འདི་སྤྱད་འཐུས་ཀྱི་ཁྱབ་ཁོངས་ནང་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེས་སྐྱེས་སྲོག་ཆགས་སུ་བརྩིས་ནས་དོ་དམ་བྱས་ཆོག
     དོན་ཚན་སོ་དྲུག་པ། རྒྱལ་ཁབ་ཀྱིས་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་དང་དེ་དང་འབྲེལ་ཡོད་ཁྲིམས་འཛིན་བྱེད་སྒོའི་ཐད་ཀྱི་རྒྱལ་སྤྱིའི་མཉམ་ལས་དང་སྤེལ་རེས་སྒྲིག་འཛུགས་བྱ་རྒྱུ་དང་། བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་ལྐོག་འདྲེན་དང་ཁྲིམས་འགལ་གྱིས་ཉོ་ཚོང་བྱེད་པར་དོགས་ཟོན་དང་རྡུང་རྡེག་བྱེད་པའི་སྡེ་ཁག་བར་གྱི་མཐུན་སྦྱོར་ལམ་སྲོལ་བཙུགས་ནས་ལྐོག་འདྲེན་དང་ཁྲིམས་འགལ་ཉོ་ཚོང་ལ་དོགས་ཟོན་དང་རྡུང་རྡེག་གཏོང་རྒྱུ།
     དོན་ཚན་སོ་བདུན་པ། མངའ་ཁོངས་ཕྱི་རོལ་ནས་བྱེས་སྐྱེས་སྲོག་ཆགས་ཀྱི་རིགས་ནང་འདྲེན་བྱེད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་གི་ཆོག་མཆན་འཐོབ་དགོས། བཅའ་ཁྲིམས་འདིའི་དོན་ཚན་སོ་ལྔ་པའི་ནང་གསེས་དོན་ཚན་དང་པོའི་མིང་ཐོར་བཀོད་པའི་བྱེས་སྐྱེས་སྲོག་ཆགས་མངའ་ཁོངས་ཕྱི་རོལ་ནས་ནང་འདྲེན་བྱེད་ཚེ་ད་དུང་ཁྲིམས་ལྟར་ཕྱིར་གཏོང་ནང་འདྲེན་བྱས་འཐུས་ཀྱི་དཔང་ཡིག་ཀྱང་འཐོབ་དགོས། འགག་སྒོས་ཁྲིམས་ལྟར་ནང་འདྲེན་གྱི་རིམས་ནད་ཞིབ་བཤེར་བྱེད་སྐབས། ནང་འདྲེན་ཆོག་མཆན་བཀོད་ཡིག་གམ་ཡང་ན་ཕྱིར་གཏོང་ནང་འདྲེན་བྱས་འཐུས་ཀྱི་དཔང་ཡིག་དང་། དེ་མིན་རིམས་ནད་ཞིབ་བཤེར་དཔང་ཡིག་བཅས་གཞིར་བཟུང་ནས་གཏན་འབེབས་ལྟར་འགག་སྒོ་ལས་བརྒྱུད་པའི་འགྲོ་ལུགས་འགྲིམ་དགོས།   
     མངའ་ཁོངས་ཕྱི་རོལ་ནས་བྱེས་སྐྱེས་སྲོག་ཆགས་ཀྱི་རིགས་ནང་འདྲེན་བྱེད་ཚེ་བདེ་འཇགས་ཉེན་མེད་ཀྱི་འགོག་སྲུང་བྱེད་ཐབས་སྤྱད་དེ། དེ་དག་བྱེས་སྐྱེས་ཁོར་ཡུག་ཏུ་མི་འགྲོ་བར་བྱེད་པ་དང་།   སྐྱེ་ཁམས་མ་ལག་ལ་གནོད་པ་མི་བཟོ་བར་བྱེད་དགོས། དེ་དག་དངོས་གནས་རི་ཐང་དུ་གློད་དགོས་ཚེ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བྱེད་དགོས།  
     དོན་ཚན་སོ་བརྒྱད་པ། རྩ་འཛུགས་གང་དང་མི་སྒེར་སུ་ཞིག་གིས་བྱེས་སྐྱེས་སྲོག་ཆགས་བྱེས་སྐྱེས་ཁོར་ཡུག་ཏུ་ཚེ་ཐར་གཏོང་ཚེ། ཚེ་ཐར་གཏོང་ཡུལ་གྱི་རི་ཐང་ལ་འཚོ་གནས་ཐུབ་པའི་ས་གནས་དེ་གའི་སྲོག་ཆགས་ཀྱི་རིགས་འདེམས་དགོས་པ་ལས། ས་གནས་དེ་གའི་ཡུལ་མིའི་རྒྱུན་གཏན་འཚོ་བ་དང་ཐོན་སྐྱེད་ལ་འགལ་རྐྱེན་བཟོ་མི་ཆོག་ལ། སྐྱེ་ཁམས་མ་ལག་ལ་གནོད་པ་མི་བཟོ་བར་བྱེད་དགོས།  བྱེས་སྐྱེས་སྲོག་ཆགས་རང་དགར་ཚེ་ཐར་བཏང་ནས་སྐྱེ་བོ་གཞན་གྱི་མི་ལུས་དང་རྒྱུ་ནོར་ལ་གྱོང་གུན་བཟོས་པའམ་ཡང་ན་སྐྱེ་ཁམས་མ་ལག་ལ་གནོད་སྐྱོན་བཟོས་པ་ཡིན་ན། ཁྲིམས་ལྟར་ཁྲིམས་འབྲེལ་འཁུར་འཁྲི་འཁུར་དགོས།
     དོན་ཚན་སོ་དགུ་པ། རི་དྭགས་རྔོན་འཐུས་དམིགས་བསལ་ལག་ཁྱེར་དང་། རི་དྭགས་རྔོན་འཐུས་ལག་ཁྱེར། མིའི་ཐབས་ཀྱི་གསོ་སྤེལ་འཁྲོལ་འཛིན་དང་ཆེད་སྤྱོད་མཚོན་རྟགས་བཅས་རྫུན་བཟོ་དང་། སྒྱུར་བཟོ་། ཉོ་འཚོང་། བཤུག་སྤྲོད། བོགས་གཏོང་བཅས་བྱེད་རིགས་གཏན་འགོག་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེས་སྐྱེས་སྲོག་ཆགས་དང་དེའི་བཟོས་རྫས་ཀྱི་མཆན་བཀོད་ཡིག་ཆ་དང་། ཡང་ན་ཕྱིར་གཏོང་ནང་འདྲེན་བྱས་འཐུས་ཀྱི་དཔང་ཡིག་དང་ཕྱིར་གཏོང་ནང་འདྲེན་སོགས་ཀྱི་མཆན་བཀོད་ཡིག་ཆ་འཚོང་བ་དང་། ཉོ་སྒྲུབ། བེད་སྤྱོད་བཅས་བྱེད་རིགས་གཏན་འགོག་བྱ་རྒྱུ།
     གོང་གསལ་ནང་གསེས་དོན་ཚན་ནང་དུ་བཀོད་པའི་འབྲེལ་ཡོད་ཆོག་འཁྲོལ་འཛིན་ཡིག་དང་། ཆེད་སྤྱོད་མཚོན་རྟགས། མཆན་བཀོད་ཡིག་ཆ་བཅས་སྤྲོད་ཚུལ་ཁྲིམས་ལྟར་སྤྱི་བསྒྲགས་བྱེད་དགོས།
     དོན་ཚན་བཞི་བཅུ་པ། ཕྱི་རྒྱལ་བས་རང་རྒྱལ་དུ་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེས་སྐྱེས་སྲོག་ཆགས་ལ་བྱེས་སུ་རྟོག་ཞིབ་བམ་ཡང་ན་བྱེས་སུ་གློག་བརྙན་པར་རྒྱག་དང་བརྙན་འབེབས་པར་ལེན་བྱེད་ཚེ། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་བྱེས་སྐྱེས་སྲོག་ཆགས་སྲུང་སྐྱོང་གཙོ་སྐྱོང་སྡེ་ཁག་གམ་དེས་དབང་བསྐུར་བའི་སྡེ་ཚན་གྱི་ཆོག་མཆན་འཐོབ་དགོས་པ་མ་ཟད། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལ་ཡང་བརྩི་སྲུང་ཞུ་དགོས་།
     དོན་ཚན་ཞེ་གཅིག་པ། ས་གནས་ཀྱི་གཙོ་གནད་སྲུང་སྐྱོང་བྱེས་སྐྱེས་སྲོག་ཆགས་དང་དེ་མིན་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་ཁོངས་སུ་མི་ཚུད་པའི་བྱེས་སྐྱེས་སྲོག་ཆགས་ཀྱི་དོ་དམ་བྱེད་ཐབས་ནི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་ནམ་ཡང་ན་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་བྱ་རྒྱུ།
【1】  【2】  【3】  【4】  【5】