མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཀྲུང་གོའི་ཡུལ་སྐོར་ཚོགས་པར་ལོ་སིར་འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་ཐོན་པར་དམིགས་ནས་
པིན་དབྱང་དང་ཕན་ཚུན་ངག་འཕྲིན་བཏང་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་23ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཀྲུང་གོའི་ཡུལ་སྐོར་ཚོགས་པར་ལོ་སིར་འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་ཐོན་པར་དམིགས་ནས་ལོ་སིའི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་རྒྱལ་སྲུང་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་ཞི་པིན་དབྱང་དང་ཕན་ཚུན་ངག་འཕྲིན་བཏང་རེས་གནང་བ་རེད།
     པིན་དབྱང་གིས་ཀྲུང་གོའི་ཡུལ་སྐོར་བར་ལོ་སིར་འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་ཐོན་ནས་མི་སྣ་ཤི་རྨས་མང་པོ་བྱུང་བ་གློ་བུར་དུ་ཤེས་རྟོགས་བྱུང་བས། ངར་སེམས་སྡུག་ཧ་ཅང་ཆེན་པོ་བྱུང་། ངས་རྐྱེན་ལམ་དུ་ཤོར་བའི་མིར་སེམས་སྡུག་ཆེན་པོས་མྱ་ངན་ཞུ་རྒྱུ་མ་ཟད། བློ་མཐུན་ཞི་ཅིན་ཕིང་དང་བློ་མཐུན་ཞི་ཅིན་ཕིང་བརྒྱུད་རྐྱེན་ལམ་དུ་ཤོར་བའི་མིའི་ནང་མི་དང་རྨས་སྐྱོན་ཕོག་མཁན་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། ལོ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མུ་མཐུད་གཞོགས་འདེགས་དམ་ཟབ་བྱས་ཏེ། རྨས་མ་སྐྱོབ་བཅོས་དང་ལས་འཛོལ་ཐོན་རྗེས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་རྒྱུ་ཡིན། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ད་ཐེངས་ཀྱི་ལས་འཛོལ་ཐག་གཅོད་འོས་འཚམ་ཐུབ་ངེས་དང་ལོ་སི་དང་ཀྲུང་གོའི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་བདེ་བླག་ངང་སྐུལ་སྤེལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ལས་འཛོལ་ཐོན་རྗེས་ལོ་སི་ཕྱོགས་ཀྱིས་ཏང་སྲིད་དམག་ཉེན་དམངས་བཅས་ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་རོགས་སྐྱོབ་ཧུར་ཐག་བྱས་ཡོད་པས། དེ་ཐོག་ནས་ཀྲུང་གོ་དང་ལོ་སིའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་དང་ལས་འཛོལ་ཐག་གཅོད་བྱེད་པའི་ལས་དོན་ལ་འགན་འཁུར་བའི་རྣམ་འགྱུར་མཚོན་ཡོད། ངས་ཀྲུང་གོའི་འབྲེལ་ཡོད་སྡེ་ཚན་དང་ལོ་སིར“ཞི་བདེའི་མེ་འཁོར—2019”ཞེས་པའི་མཉམ་འབྲེལ་ནང་སྦྱོང་ནང་ཞུགས་བཞིན་པའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྨན་བཅོས་རུ་ཁག་རོགས་སྐྱོབ་ནང་ཞུགས་དགོས་པའི་མཛུབ་སྟོན་བྱས་ཡོད། ཕྱོགས་གཉིས་པོའི་ཕྱོགས་ཁག་གིས་མུ་མཐུད་གཞོགས་འདེགས་དམ་ཟབ་བྱས་ཏེ་རྨས་མ་སྐྱོབ་བཅོས་དང་རྗེས་ཀྱི་ལས་དོན་ཐག་གཅོད་ཡག་པོ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ནི་ཀྲུང་གོ་དང་ལོ་སིའི་ཏང་གཉིས་ཀྱི་ཐུན་མོང་དམིགས་ཡུལ་ཡིན། ངས་ཁྱེད་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དུས་རབས་གསར་པར་རྒྱུན་མི་ཆད་པར་ཟབ་ཏུ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ལོ་སིའི་ལས་དབང་གཅིག་མཐུན་འདུས་གྲུབ་མུ་མཐུད་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"