མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་ཞིང་ཆེན་ཁག་གཅིག་གི་ལས་ཞུགས་བརྟན་པོའི་ལས་དོན་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་
ལས་ཞུགས་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་21ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་ཧའར་པིན་ནས་ཟླ་8ཚེས་19ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཟླ་8ཚེས་19ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཧེ་ལུང་ཅང་ཧའར་པིན་དུ་ཞིང་ཆེན་ཁག་གཅིག་གི་ལས་ཞུགས་བརྟན་པོའི་ལས་དོན་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་ལས་ཞུགས་བརྟན་པོའི་སྲིད་ཇུས་བྱེད་ཐབས་སྔར་བས་ཞིབ་འཇུག་བཀོད་སྒྲིག་གནང་བ་རེད།
     བཞུགས་མོལ་ཚོགས་འདུའི་ཐོག་ཧེ་ལུང་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཆིང་ཝུའེ་དང་ཧྲེང་ཀྲང་ཝང་ཝུན་ཐའོ་དང་། ཧོ་པེ་ཞིང་ཆེན་གྱི་ཧྲེང་ཀྲང་ཞུས་ཆིན། ཧྲན་ཏུང་ཞིང་ཆེན་གྱི་ཧྲེང་ཀྲང་ཀུང་ཀྲེང་། ཧུའུ་ནན་ཞིང་ཆེན་གྱི་ཧྲེང་ཀྲང་ཞུས་ཏ་ཀྲེ། ཧྲའན་ཤིས་ཞིང་ཆེན་གྱི་ཧྲེང་ཀྲང་ལིའུ་གོ་ཀྲུང་བཅས་ཀྱིས་གཏམ་བཤད་བྱས་པ་རེད། ཚང་མས་འདི་ལོ་ཚུན་གྱི་ལས་ཞུགས་བརྟན་པོའི་སྲིད་ཇུས་ཁག་གི་ནུས་པ་ཐོན་པ་དང་ལྷག་པར་དུ་གཞི་ཁྱོན་ཆེ་བའི་ཁྲལ་རིན་གཉིས་གཅོག་ལས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་ཕྱིན་ཏེ། ལས་གནས་བརྟན་པོ་དང་ལས་གནས་མང་དུ་ཕྱིན་པའི་སྐོར་གླེང་བ་དང་འབྲེལ་མིག་སྔའི་ལས་ཞུགས་ལ་འཕྲད་པའི་གནད་དོན་གླེང་བ་དང་གྲོས་འགོའང་བཏོན་པ་རེད། ལི་ཁེ་ཆང་གིས་ཧ་ཅང་རྙོག་འཛིང་ཆེ་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་དུས་བབ་ཀྱི་མདུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་འདི་ལོ་རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་མུ་མཐུད་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་བྱུང་ཡོད། ཟླ་དང་པོ་ནས་བདུན་པ་བར་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་867གསར་དུ་ལས་ཞུགས་ཐུབ་པའི་གྲུབ་འབྲས་དེ་ལས་སླ་པོར་ཐོབ་པ་ཞིག་མིན། ཡིན་ནའང་ཟླ་བདུན་པར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་ཤོར་ཐོ་བཀོད་བྱེད་ཚད་མཐོ་རུ་ཕྱིན་ཡོད་པས། ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱེད་དགོས། ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་ཡིན་པ་དང་འཕེལ་རྒྱས་ཀྱི་སྔོན་འགྲོའི་དམིགས་ཚད་རེད། རང་རྒྱལ་དུ་ལོ་ལྟར་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་བྱེད་དགོས་པའི་གསར་དུ་འཚར་ལོངས་བྱུང་བའི་ངལ་ནུས་མི་ཁྲི་1500ཙམ་ཡོད་པ་དང་། ཞིང་ལས་ཀྱི་ངལ་ནུས་ལྷག་མ་མི་ཁྲི་300ལས་ཞུགས་གཞན་སྒྱུར་བྱེད་དགོས་པས། ངེས་པར་དུ་ལས་ཞུགས་ལས་དོན་གྱི་དཀའ་ཚེགས་རང་བཞིན་དང་དུས་བབ་ཀྱི་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས། ལས་ཞུགས་བརྟན་པོ་ཡོང་བ་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས་ཞེས་གསུངས་པ་རེད།
     ལི་ཁེ་ཆང་གིས་ལས་ཞུགས་བརྟན་པོའི་རྨང་གཞི་བརྟན་དུ་གཏོང་བ་དང་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་དང་། དགོས་མཁོ་ཆེར་གཏོང་གི་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བ། ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བའི་སྒྱུར་བཅོས་དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་དགོས། ཁེ་ལས་བརྟན་པོ་དང་ལས་གནས་བརྟན་པོ་ཡོང་རྒྱུར་ཤུགས་སྣོན་རྒྱག་པ་དང་ལྷག་པར་དུ་ངལ་རྩོལ་འདུས་ཆེའི་ཁེ་ལས་དང་གནས་སྐབས་དཀའ་ངལ་འཕྲད་པའི་ཁེ་ལས་དཀའ་གནད་ལས་སྒྲོལ་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ཆད་ལུས་མེད་པར་དོན་འཁྱོལ་བྱས་ནས་དམངས་གཉེར་ཁེ་ལས་དང་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དཀའ་གནད་ནུས་ཤུགས་ཡོད་རྒུས་སེལ་རོགས་བྱེད་དགོས་ཞེས་གསུངས་པ་རེད།
     ལི་ཁེ་ཆང་གིས་ཐོན་ལས་གསར་པ་དང་ལས་རྣམ་གསར་པས་ལས་ཞུགས་ལས་གནས་གསར་པ་རྒྱ་ཆེར་གཏོང་བའི་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་ལས་གཏོད་ཀྱིས་ལས་ཞུགས་ལ་སྣེ་ཁྲིད་བྱེད་པའི་ཕན་འབྲས་ལྡབ་འཕར་གྱི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་གསུངས་པ་རེད།

  
style="display:none;"