མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་ཧེ་ལུང་ཅང་དུ་རྟོག་ཞིབ་གནང་སྐབས། སྒྱུར་བཅོས་སྒོ་དབྱེའི་གསར་གཏོད་ལ་བརྟེན་ནས་
དཀའ་གནད་ལས་སྒྲོལ་ཏེ་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་སྐུལ་
འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་22ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་ཧའར་པིན་ནས་ཟླ་8ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་19ཉིན་དང་ཚེས་20ཉིན་ཧེ་ལུང་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཆིང་ཝུའེ་དང་ཧྲེང་ཀྲང་ཝང་ཝུན་ཐའོ་ཡི་ཕེབས་རོགས་འོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མུའུ་ཏན་ཅང་དང་ཧའར་པིན་དུ་རྟོག་ཞིབ་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་བྱས་ནས་སྒྱུར་བཅོས་སྒོ་དབྱེའི་གསར་གཏོད་ལ་དེ་བས་སྐུལ་འདེད་ཤུགས་ཆེན་བཏང་སྟེ་བྱང་ཤར་གྱི་ཕྱོགས་ཡོངས་ཀྱི་དར་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
     ཧེ་ལུང་ཅང་ནི་རང་རྒྱལ་གྱི་ཚོང་འབྲུའི་རྟེན་གཞི་གལ་ཆེན་ཞིག་རེད། ལི་ཁེ་ཆང་མུའུ་ཏན་ཅང་གྲོང་ཁྱེར་ནན་ལྭ་ཀུའུ་གྲོང་ཚོའི་ཞིང་ནང་དུ་ཕེབས་ནས་ལོ་ཏོག་སྐྱེ་ཚུལ་ལ་གཟིགས་ཞིབ་གནང་བ་དང་འབྲེལ་འབྲུ་རིགས་ཀྱི་རིན་གོང་དང་། འབྲུ་འདེབས་ཀྱི་ཡོང་འབབ། མི་སྤྱོད་མ་གནས་ཀྱི་འགྱུར་ལྡོག་སོགས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཡུལ་མི་སྤུན་ཟླ་ཚོས་ཙུང་ལིར་ང་ཚོའི་འབྲས་རྒྱལ་ཡོངས་ལ་བྲིན་ཚོང་བྱེད་པ་དང་འདི་ལོ་སླར་ཡང་ལོ་ལེགས་ཡོང་རྒྱུ་རེད་ཅེས་ཞུས། ལི་ཁེ་ཆང་གིས་དེ་སྔ་ལྷོ་འབྲུ་བྱང་འདྲེན་བྱེད་པ་དང་ད་ཆ་བྱང་འབྲུ་ལྷོ་འདྲེན་བྱེད་ཀྱི་ཡོད། འབྲས་འདེབས་ཐད་སྤུས་རྟགས་གཏོད་དགོས་ལ། སྤུས་ཚད་དེ་བས་མཐོ་རུ་གཏོང་དགོས། འབྲུ་རིགས་འབེལ་ན་གནམ་འོག་བདེ་ལ་འཁོད་ཐུབ། བྱང་ཤར་གྱི་ཆ་རྐྱེན་ལེགས་པས་ཚོད་འཛིན་མེད་པ་བཟོས་ཏེ་གཞི་ཁྱོན་གཉེར་སྐྱོང་གི་ཆུ་ཚད་མཐོ་རུ་འོས་འཚམ་གཏོང་བ་དང་། ཞིང་ལས་འཕྲུལ་ཆས་ཆེ་གྲས་སྤྱོད་ཚད་ཁྱབ་གདལ་བཏང་ནས་ཞིང་ལས་དེང་རབས་ཅན་གྱི་གོམ་སྟབས་མགྱོགས་སུ་གཏོང་དགོས་ཞེས་གསུངས་པ་རེད།
     ལི་ཁེ་ཆང་གིས་ཚལ་རིན་གྱི་འགྱུར་ལྡོག་ལ་ཐུགས་ཁུར་ཆེན་པོ་བྱེད་ཅིང་། ཁོང་གིས་ཧར་པིན་ཏའོ་ལི་ཚལ་ཁྲོམ་དུ་ཕེབས་ནས། ཕག་ཤ་དང་། སྔོ་ཚལ། སྒོ་ང། སྲན་ཟས། ཤིང་འབྲས་སོགས་ཀྱི་ཁྲོམ་བཀྱགས་མདུན་དུ་ཕེབས་ཏེ་རིན་གོང་གི་འགྱུར་ལྡོག་དང་བྲིན་ཚོང་གི་གནས་ཚུལ་བཀའ་འདྲི་གནང་བ་རེད། ཁོང་གིས་ད་དུང་མང་ཚོགས་ལ་ཚལ་རིན་གྱི་འགྱུར་ལྡོག་གིས་འཚོ་བར་ཤུགས་རྐྱེན་ཐེབས་མིན་མཁྱེན་རྟོགས་གནང་བ་རེད།
     ལི་ཁེ་ཆང་གིས་ཧེ་ལུང་ཅང་ཞིང་ཆེན་ལས་རིགས་རྩལ་ནུས་མཐོར་གཏོང་བྱ་སྤྱོད་འཕེལ་རྒྱས་གནས་ཚུལ་གྱི་སྙན་སེང་གསན་ནས། ཁོ་ཚོས་སླད་ཕྱིན་ལོ་གསུམ་ནང་མི་ཐེངས་ཁྲི་100གསོ་སྐྱོང་བྱ་རྒྱུ་དང་འབྲེལ། ལས་རིགས་གསོ་སྦྱོང་གི་ཁ་གསབ་ཐད་མིང་ངོ་མ་འགོད་པའི་ལམ་ལུགས་ལག་བསྟར་བྱ་རྒྱུ་ཡིན་པར་བསྔགས་བརྗོད་ཀྱང་གནང་ཞིང་། ལི་ཁེ་ཆང་གིས་རང་རྒྱལ་ལ་རྩལ་ནུས་རྣམ་པའི་ཤེས་ལྡན་མི་སྣ་ཁྲི་2000མཁོ་བས། རྩལ་ནུས་གསོ་སྦྱོང་བྱེད་པར། ཁེ་ལས་ལ་དགོས་མཁོ་ཡོད་པ་དང་། སྒེར་ལ་འདུན་པ་ཡོད་པ། སྒེར་ལ་རྩལ་ནུས་ལྡན་པ་བཅས་བྱུང་ཚེ། གཞི་ནས་ལས་ཀ་རག་པ་དང་ཡོང་འབབ་འཕར་ཐུབ་པ་མ་ཟད། ད་དུང་ཁེ་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་ཕྱིན་ཏེ་རང་རྒྱལ་གྱི་ཐོན་ལས་འབྲིང་སྟོད་ཕྱོགས་སུ་བསྐྱོད་རྒྱུར་འདེགས་སྐྱོར་མཁོ་འདོན་བྱེད་ཐུབ། རྒྱལ་ཡོངས་ཀྱི་ལག་རྩལ་སློབ་གླིང་2000ལྷག་ཙམ་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་སྤྱི་ཚོགས་ལ་མཁོ་བའི་རྩལ་ནུས་ཤེས་ལྡན་མི་སྣ་དེ་བས་མང་ཙམ་བསྡུས་ནས་གསོ་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།
     རྒྱུན་སྤྱོད་སྨན་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོད་མེད་དེ་ལི་ཁེ་ཆང་གིས་ཐུགས་ཁུར་གནང་བའི་གནད་དོན་ཞིག་རེད། སྨན་རྫས་ཁེ་ལས་ཆེ་གྲས་ཧའར་པིན་སྨན་རྫས་ཚོགས་པར་རྟོག་ཞིབ་གནང་སྐབས། ཁོང་གིས་ཁེ་ལས་ཀྱི་འགན་འཁུར་བར། བདེ་ཐང་ནི་མང་ཚོགས་འཚོ་བ་ཡག་པོ་སྐྱེལ་ཐུབ་པའི་རྨང་གཞི་རེད། ཁེ་ལས་ཀྱིས་འགན་འཁྲིའི་བསམ་པ་ཆེ་རུ་བཏང་ནས་མི་སེར་གྱིས་ཉོ་ཐུབ་པ་དང་། སྤྱོད་ཐུབ་པ། བདེ་འཇགས་བློས་འགེལ། ནད་ལ་ཕན་པ་བཅས་ཡོང་བ་བྱས་ནས་མང་ཚོགས་ཀྱི་བདེ་ཐང་གི་དགོས་མཁོ་སྐོང་དགོས་ཞེས་བཀའ་མངགས་གནང་བ་རེད།

  
style="display:none;"