མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་23ཉིན། 10:16】  

     རང་མོས་ཚོང་དོན་ཚོད་ལྟ་ཁུལ་དུ“འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”སྒྱུར་བཅོས་ཁྱོན་ཡོངས་ལ་ཁྱབ་པའི་ཚོད་ལྟ་དང་། རྒན་གསོའི་ཞབས་ཞུ་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་བཏང་ནས་རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུའི་བཀོད་སྒྲིག ཕག་པ་གསོ་བ་དང་ཕག་ཤ་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོའི་བྱ་ཐབས་གཏན་འཁེལ་བཅས་བྱ་རྒྱུའི་གཏན་འབེབས་བྱས་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་21ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་མོས་ཚོང་དོན་ཚོད་ལྟ་ཁུལ་དུ“འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”སྒྱུར་བཅོས་ཁྱོན་ཡོངས་ལ་ཁྱབ་པའི་ཚོད་ལྟ་དང་། རྒན་གསོའི་ཞབས་ཞུ་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་བཏང་ནས་རྒན་གསོའི་ཞབས་ཞུའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུའི་བཀོད་སྒྲིག ཕག་པ་གསོ་བ་དང་ཕག་ཤ་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོའི་བྱ་ཐབས་གཏན་འཁེལ་བཅས་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
     ཚོགས་འདུའི་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་། “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། “འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེར”སྐུལ་འདེད་གཏོང་བ། “ཞུགས་ཆོག་པ་ལས་གཉེར་སྐྱོང་བྱེད་མི་ཆོག་པའི”དཀའ་གནད་སེལ་བ་བཅས་བྱེད་དགོས། དེ་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་གྱི་ཁོར་ཡུག་གཏོད་རྒྱུར་ཕན་པ་ཡོད་ལ། ལས་ཞུགས་བརྟན་པོ་ཡོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཀྱང་རེད་ཅེས་བསྟན་པ་རེད། ཚོགས་འདུའི་ཐོག་ཟླ་12པའི་ཚེས་1ཉིན་ནས་བཟུང་། རྒྱལ་ཡོངས་ཀྱི་རང་མོས་ཚོང་དོན་ཚོད་ལྟ་ཁུལ་དུ“འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”སྒྱུར་བཅོས་ཁྱོན་ཡོངས་ལ་ཁྱབ་པའི་ཚོད་ལྟ་བྱས་ནས་ཀྲུང་དབྱང་གི་རིམ་པར་གཏན་འཁེལ་བྱས་པའི་ཁེ་ལས་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་ཆོག་པའི་དོན་གནད་ཁག་523ལ་འཁྲོལ་འཛིན་རྗེས་ཀྱི་ལག་ཁྱེར་ཉུང་གཏོང་དང་ཞིབ་མཆན་སྟབས་བདེར་སྐུལ་འདེད་གཏོང་དགོས། དེ་ཡང་གཅིག་ནས་ཕྱི་ཕྱོགས་ཚོང་དོན་གཉེར་སྐྱོང་མཁན་ལ་སྙན་སེང་ཐོ་འགོད་སོགས་ཀྱི་ཞིབ་མཆན་ཁག་13མེད་པ་བཟོ་དགོས་པ་དང་། གཉིས་ནས་སྒོ་ཁྲལ་གནས་ཞུའི་ཁེ་ལས་ཐོ་འགོད་སོགས་ཀྱི་ཞིབ་མཆན་ཁག་8སྙན་སེང་ཐོ་འགོད་ལ་སྒྱུར་དགོས་པ། གསུམ་ནས་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུ་ཆོག་འཐུས་སོགས་ཀྱི་ཞིབ་མཆན་ཁག་60ལ་གསལ་བཤད་ཁས་ལེན་ལམ་ལུགས་ལག་བསྟར་བྱེད་དགོས་པ། བཞི་ནས་དེ་མིན་གྱི་ཞིབ་མཆན་ཁག་442ལ་དཔྱད་གཞི་དང་། དུས་བཅད། ནར་འགྱངས་བཅས་བྱེད་ཉུང་དུ་གཏོང་བའམ་ཡང་ན་གོ་ཆོད་དུས་ཡུན་དང་། དྲ་ཐོག་སྒྲུབ་གཉེར། ས་གནས་ས་ཐོག་ཏུ་ཞིབ་དཔྱད་མེད་པ་བཟོ་བ་སོགས་ཀྱི་ཞབས་ཞུ་ལེགས་གཏོང་གི་བྱ་ཐབས་སྤྱོད་དགོས་པ། ལྔ་ནས་གོང་གསལ་གྱི་ཁེ་ལས་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་དེ་ཆོག་འཐུས་དོན་གནད་ཚང་མ་གསལ་ཐོའི་དོ་དམ་ནང་བཅུག་ནས་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་པ་དང་ཆབས་ཅིག་དུས་བཀག་ལྟར་ལེགས་སྒྲིག་བྱེད་དགོས་པ་བཅས་ཀྱི་གཏན་འབེབས་བྱས་པ་རེད། དེའི་ཐད། ད་དུང་ཚོགས་འདུའི་ཐོག་རང་མོས་ཚོང་དོན་ཚོད་ལྟ་ཁུལ་དུ་འབྲེལ་ཡོད་སྲིད་འཛིན་ཁྲིམས་སྲོལ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་གནས་སྐབས་ལེགས་སྒྲིག་ལག་བསྟར་བྱེད་རྒྱུ་དང་བཅའ་ཁྲིམས་དང་འབྲེལ་བ་ཡོད་རིགས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལེགས་སྒྲིག་ལག་བསྟར་ལ་དབང་ཆ་སྤྲོད་རྒྱུའི་རེ་འདུན་ཞུ་དགོས་པའི་གཏན་འབེབས་བྱས་པ་རེད།
     ཚོགས་འདུའི་ཐོག་དགོས་མཁོ་སྟོན་ཕྱོགས་སུ་བཟུང་ནས་རྒན་གསོའི་ཞབས་ཞུ་འཕེལ་རྒྱས་གཏོང་བ་ནི་ན་རྒས་ཅན་གྱི་གནས་ཚུལ་ལ་ཁ་གཏད་གཅོག་པ་དང་རྒན་རྒོན་གྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། གཅིག་ནས་སྡེ་ཁུལ་འཕེལ་རྒྱས་ལ་བརྟེན་པ་དང་ཁྱིམ་སྡོད་རྨང་གཞིར་བྱས་པའི་སྣ་མང་ཅན་གྱི་རྒན་གསོའི་ཞབས་འདེགས་ཞུས་ནས་རྒན་རྒོན་ལ་བཟའ་བཏུང་དང་། སྨན་བཅོས། འགྲོ་སྐྱོད། གཙང་སྦྲ་སོགས་ཀྱི་ཐད་རོགས་རམ་གྱི་སྟབས་བདེའི་ཞབས་འདེགས་ཞུ་དགོས་པ་དང་། གཉིས་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་རྒན་རྒོན་གྱི་འཛད་སྤྱོད་ལ་འཚམ་པའི་ཡུལ་སྐོར་དང་ལུས་གསོ་སོགས་ཀྱི་ཞབས་ཞུ་འཕེལ་རྒྱས་གཏོང་དགོས་པ་དང་འབྲེལ་ཁེ་ལས་ཀྱིས་རྒན་རྒོན་ལ་འཚམ་པའི་སྤུས་ལེགས་ཀྱི་མཁོ་ཆས་གསར་སྤེལ་དང་ཐོན་སྐྱེད་བྱེད་རྒྱུར་སྐུལ་ལྕག་བྱེད་དགོས་པ། གསུམ་ནས་ཚོང་ལས་རྒན་གསོའི་འགན་བཅོལ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་འགན་བཅོལ་དང་། ཕན་བདེ། སྐྱོབ་རོགས་བཅས་ཟུང་འབྲེལ་གྱི་ཡུན་རིང་ལྟ་རྟོག་གི་འགན་ལེན་ལམ་ལུགས་བཙུགས་ཏེ་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ལོ་ན་མཐོ་བ་དང་ནུས་པ་མེད་པའི་རྒན་རྒོན་ལ་ཡུན་རིང་ལྟ་རྟོག་གི་ཁ་གསབ་རོགས་དངུལ་སྤྲོད་ཤུགས་ཆེ་རུ་གཏོང་དགོས་པ། བཞི་ནས་རྒན་གསོའི་ཐོན་རྫས་དང་ཞབས་ཞུའི་སྤུས་ཚད་ལྟ་ཞིབ་ལ་ཤུགས་སྣོན་བརྒྱབ་ནས་རྒན་རྒོན་གྱི་ཁེ་དབང་ལ་གནོད་འཚེ་བཟོ་བའི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
     ཚོགས་འདུའི་ཐོག་ཕག་པ་ཐོན་སྐྱེད་བརྟན་པོ་ཡོང་བ་དང་ཕག་ཤ་མཁོ་འདོན་འགན་ལེན་བྱེད་རྒྱུ་དེ“ཞིང་གསུམ”འཕེལ་རྒྱས་དང་། མང་ཚོགས་ཀྱི་འཚོ་བ། ཟོག་གོང་བརྟན་པོ་བཅས་དང་འབྲེལ་བ་ཡོད་ཅེས་བསྟན་པ་དང་། ཚོགས་འདུའི་ཐོག་གཅིག་ནས་ཕྱོགས་བསྡུས་ཇུས་འདོན་བྱས་ཏེ་ཕག་པ་ཐོན་སྐྱེད་སླར་གསོ་བྱེད་དགོས། ཨ་ཧྥེ་རི་ཁའི་ཕག་ནད་ཕོག་པའི་ཕག་པ་བཙན་ཐབས་ཀྱིས་གསོད་པར་ཁ་གསབ་རོགས་དངུལ་སྤྲོད་མགྱོགས་སུ་གཏོང་བ་དང་བྱ་ཐབས་སྣ་མང་སྤྱད་དེ་ཕག་པ་རྫོང་ཆེན་དང་གསོ་ཚགས་ར་བ(དུད་ཚང)ནས་དབོར་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཕག་པ་ལག་ཡོད་གྲངས་འབོར་ནུས་ལྡན་ངང་མང་དུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས་པ། གཉིས་ནས་ས་གནས་ཀྱིས་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འབེབས་ལས་བརྒལ་ནས་ཕག་པ་གསོ་རྒྱུ་བཀག་འགོག་དང་ཕག་པ་གསོ་བའི་གྲངས་འབོར་ཚོད་འཛིན་བྱེད་པའི་གཏན་འབེབས་འཕྲལ་དུ་མེད་པ་བཟོ་དགོས། ཁྲིམས་བཞིན་དབྱེ་མཚམས་ཕྱེ་བའི་གསོ་ཚགས་བྱེད་མི་ཆོག་པའི་ཁུལ་ནང་གསོ་ཚགས་བྱེད་མཚམས་འཇོག་པ་དང་གནས་སྤོས་པའི་གསོ་ཚགས་ར་བ(དུད་ཚང)ལ་ས་ཆ་བཀོད་སྒྲིག་བྱས་ཏེ་ཡུལ་གཞན་དུ་བསྐྱར་སྐྲུན་བྱེད་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ། གསུམ་ནས་གཞི་ཁྱོན་གསོ་ཚགས་འཕེལ་རྒྱས་བཏང་ནས་ཞིང་དུད་ཀྱིས་ཕག་པ་གསོ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ། བཞི་ནས་སྲོག་ཆགས་ཀྱི་རིམས་འགོག་མ་ལག་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ནུས་པ་ཆེ་རུ་གཏོང་དགོས་པ། ལྔ་ནས་ཕག་ཤ་མཁོ་འདོན་འགན་ལེན་བྱེད་དགོས་པ་དང་འབྲེལ་ས་གནས་ཀྱི་ཕག་ཤ་གསོག་འཇོག་བྱེད་མང་དུ་གཏོང་དགོས་པའི་གཏན་འཁེལ་བྱས་པ་རེད།

  
style="display:none;"