མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་དང་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་ཙུང་ལི་ཨའོ་ཉིར་གྱིས་ཀྲུང་གོས་སྐྲུན་རོགས་བྱས་པའི་རང་བཙན་ལམ་
ཆེན་རྩིས་སྤྲོད་དང་སྤྱོད་འགོ་ཚུགས་པའི་མཛད་སྒོར་ལྷན་དུ་ཞུགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་18ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

          ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོར་སི་པིའི་གྲུ་ཁ་ནས་ཟླ་11ཚེས་16ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་16ཉིན་མོར་སི་པིའི་གྲུ་ཁར་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་ཙུང་ལི་ཨའོ་ཉིར་དང་ལྷན་དུ་ཀྲུང་གོས་སྐྲུན་རོགས་བྱས་པའི་རང་བཙན་ལམ་ཆེན་རྩིས་སྤྲོད་དང་སྤྱོད་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་རེད།
         སྤྱོད་འགོ་ཚུགས་པའི་མཛད་སྒོ་འགོ་ཚུགས་སྐབས་ཞི་ཅིན་ཕིང་དང་ཨའོ་ཉིར་སོ་སོས་ཤིས་ཚིག་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཐོག་མར་གཞུང་ལམ་འཛུགས་སྐྲུན་ལ་མཉམ་དུ་ཞུགས་མཁན་རྒྱལ་ཁབ་གཉིས་པོའི་ལས་གྲྭའི་ལག་རྩལ་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུས་པ་མ་ཟད་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཡང་ཞུས་པ་དང་། ཁོང་གིས་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པས་མི་རིང་བར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་དྲུག་པ་གཙོ་གཉེར་བྱ་རྒྱུ་ཡིན་པ་དེ་ནི་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པ་ཙམ་མ་ཟད། ཐ་ན་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་དང་ས་ཁུལ་གྱི་དོན་ཆེན་ཞིག་ཀྱང་རེད། ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོའི་ངོས་ནས་ཀྲུང་གོ་ཕྱོགས་ཀྱིས་སྔ་བར་ཕྱི་གསུམ་དུ་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པས་ཚོགས་འདུ་གཉེར་བར་རྒྱབ་སྐྱོར་དང་རོགས་རམ་གང་ཐུབ་བྱས་ཡོད་ཅེས་གསུངས།
         ཨའོ་ཉིར་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷན་དུ་རང་བཙན་ལམ་ཆེན་རྩིས་སྤྲོད་དང་སྤྱོད་འགོ་ཚུགས་པའི་མཛད་སྒོར་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཀྲུང་གོས་དུས་ཡུན་རིང་པོར་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པར་རོགས་རམ་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྣམ་གྲངས་འདི་ནི་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པ་དང་ཀྲུང་གོའི་མཛའ་གྲོགས་ཀྱི་མཚོན་རྟགས་ཡིན་པ་དང་། འདི་ལས་ཀྲུང་གོས་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པར་རྒྱབ་སྐྱོར་ཆེན་པོ་གནང་བ་མཚོན་ཐུབ་ཅེས་གསུངས།
         རང་བཙན་ལམ་ཆེན་གྱིས་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་གྲོས་ཚོགས་ཐོག་ཁང་དང་གྲོང་སྲིད་མ་ལམ་འབྲེལ་བས། ཡུལ་དེར་དེ་བས་སྟབས་བདེ་ཞིང་མྱུར་བའི་འགྲིམ་འགྲུལ་གྱི་ཆ་རྐྱེན་བསྐྲུན་ཡོད།

  
style="display:none;"