མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་མོར་སི་པི་གྲུ་ཁར་ཕེབས་འབྱོར་ཟིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་17ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་མོར་སི་པི་གྲུ་ཁར་ཕེབས་འབྱོར་ཟིན་པ།

         འདི་ག་ཚགས་པར་ཁང་དུ་མོར་སི་པི་གྲུ་ཁ་ནས་ཟླ་11ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེད་གཏོང་གནམ་གྲུར་བཞུགས་ཏེ་མོར་སི་པི་གྲུ་ཁར་ཕེབས་འབྱོར་ཟིན་ནས་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པ་རང་བཙན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་དང་། ཕྱི་འབྲེལ་བཙུགས་པའི་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་མཇལ་འཛོམས་གནང་འགོ་འཛུགས་རྒྱུ་མ་ཟད་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་དྲུག་པར་ཞུགས་རྒྱུ་རེད།
         ཡུལ་དེ་གའི་དགོང་མོའི་ཆུ་ཚོད་8དང་སྐར་མ་5ཡི་ཐོག ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་མོར་སི་པི་གྲུ་ཁ་ཅེ་ཁེ་ཤུན་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ཞིང་། ཞི་ཅིན་ཕིང་གནམ་གྲུ་ནས་དོན་མ་ཐག་དགའ་སྤྲོ་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་དང་། ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་ཙུང་ལི་གཞོན་པ་ཨའེ་པུའར་གྱིས་སྣེ་འཁྲིད་པའི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཚོས་གནམ་གྲུའི་སྐས་ཀའི་འགྲམ་ནས་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས། ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་ལོ་ཆུང་གཞོན་ནུ་ཚོས་ཞི་ཅིན་ཕིང་ལ་མེ་ཏོག་སོས་པ་ཕུལ། ས་གདན་དམར་པོའི་གཡས་གཡོན་གཉིས་སུ་དཔའ་ཉམས་དོད་པའི་གུས་དམག་ཚོས་མགོ་བཏེགས་བྲང་ལྡིར་གྱིས་ཀྲོང་ངེར་ལངས་ཡོད། ཡུལ་དེ་གའི་ཞབས་བྲོ་འཁྲབ་སྟོན་པ་ཚོས་མགོ་ལ་བྱ་སྒྲོའི་རྒྱན་ཆ་བཏགས་པ་དང་། སྨད་ལ་རྩྭ་ལས་བཟོས་པའི་སྨད་གཡོགས་གྱོན། ལག་ཏུ་ཀོ་རྔ་འཁྱེར་ཏེ་སྤྲོ་སེམས་རབ་ཏུ་འཁོལ་བའི་མགྲོན་བསུའི་ཞབས་བྲོ་འཁྲབ། གནམ་ཐང་གི་ཕྱི་རོལ་དུ་རང་དགར་ཡོང་བའི་ཡུལ་དེ་གའི་དམངས་ཚོགས་དང་། ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་ལས་མི། ཕྱིར་སྡོད་རང་མི་དང་ཕྱིར་སྡོད་ཀྲུང་གོ་བ་སོགས་གནམ་ཐང་གི་ཕྱི་རོལ་དང་ཀྲུང་གོའི་སྐུ་ཚབ་ཚོགས་པ་བཞུགས་གནས་སུ་ཡོང་སྟེ་ཀྲུང་གོའི་རྒྱལ་དར་འཕྱར་བཞིན་སྤྲོ་སེམས་འཁོལ་བའི་ངང་ཞི་ཅིན་ཕིང་ལ་དགའ་བསུ་ཞུས་པ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པ་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་གནང་བ་རེད། ཞི་ཅིན་ཕིང་གིས་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པ་ནི་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ས་ཁུལ་ལ་ཤུགས་རྐྱེན་གལ་ཆེན་ལྡན་པའི་རྒྱལ་ཁབ་ཅིག་རེད། ཀྲུང་གོ་དང་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་42སོང་རིང་། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ལྟ་སྟངས་འདྲ་མཉམ། མཉམ་ལས་གཉིས་ཕན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཀྲུང་གོ་དང་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་འབྲེལ་བ་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད་ལ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཛའ་གྲོགས་འབྲེལ་བའི་དཔེ་མཚོན་ཞིག་ཀྱང་བཏོད་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱིས་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པ་ཚུད་པའི་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ལ་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་སྤྲད་ཡོད། ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་འགོ་ཁྲིད་མི་སྣ་དང་མཉམ་དུ་ཀྲུང་གོ་དང་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་འབྲེལ་བ་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་བཀོད་དེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ད་དུང་མུ་མཐུད་གོང་འཕེལ་དང་སྔར་བས་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། འཚམས་འདྲི་བྱེད་རིང་ངས་ད་དུང་ཕྱི་འབྲེལ་བཙུགས་པའི་གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་མཉམ་དུ་དུས་རབས་གསར་པའི་མཉམ་ལས་ཀྱི་འཕེལ་རྒྱས་ཇུས་ཆེན་ཐད་གྲོས་བསྡུར་བྱས་ཏེ་ཕྱོགས་གཉིས་པོའི་མི་དམངས་ལ་སྔར་བས་ཕན་བདེ་བསྐྲུན་རྒྱུ་ཡིན། ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་དྲུག་པ་འཚོག་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ལ་འབྲེལ་ཡོད་ཕྱོགས་དང་ལྷན་དུ་ཚོགས་འདུ་ཐུགས་གྲ་ལེགས་འགྲིག་ཡོང་རྒྱུར་སྐུལ་འདེད་ཀྱང་བཏང་སྟེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་དང་ཐ་ན་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་རྒྱུ་དང་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད་ཅེས་གསུངས་པ་རེད། 

  
style="display:none;"