མི་དམངས་དྲ་བ།

༄༅།།ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཤང་ཀང་གི་ལས་རིགས་ཁག་ཏུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་15ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        འདི་ག་ཚགས་པར་ཁང་དུ་ཤང་ཀང་ནས་ཟླ་11ཚེས་13ཉིན་གློག་འཕྲིན་འབྱོར་གསལ། “སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་ཚུན། རང་རྒྱལ་གྱི་འཕེལ་རྒྱས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། དེའི་ནང་ཤང་ཀང་དང་ཨའོ་མོན་གྱི་སྤུན་ཟླ་དང་དེ་བཞིན་ཤང་ཀང་དང་ཨའོ་མོན་དུ་ཡོད་པའི་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་དང་མི་སྣས་ཀྱང་ལེགས་སྐྱེས་ཕུལ་ཡོད། དེ་མེས་རྒྱལ་དང་མི་དམངས་ཀྱིས་དུས་ནམ་ཡང་བརྗེད་མི་སྲིད”ཅེས་ཚེས་12ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་མཁན་ཤང་ཀང་དང་ཨའོ་མོན་ལས་རིགས་ཁག་གི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་སྐབས་དེ་ལྟར་གསུངས་པ་དང་ཆབས་ཅིག གསུང་བཤད་གལ་ཆེན་ཡང་གནང་སྟེ། རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་ཁྲོད་ཤང་ཀང་དང་ཨའོ་མོན་གྱི་སྤུན་ཟླ་ཚོས་ནུས་པ་བཏོན་པ་དང་ལེགས་སྐྱེས་ཕུལ་བར་གདེང་འཇོག་གང་ལེགས་གནང་ཡོད། བརྩེ་སེམས་ཟབ་མོའི་ཕྱིར་དྲན་དང་རེ་བ་ནན་པོ་བཅོལ་བ་ལས། ཤང་ཀང་དང་ཨའོ་མོན་སྤྱི་ཚོགས་ཀྱི་ཡིད་ཆེས་ཆེ་རུ་ཕྱིན་པ་དང་། སྒུལ་ཤུགས་འཕེལ་བ། ཁ་ཕྱོགས་གསལ་བ། འབྱུང་འགྱུར་རྟོགས་པ་བཅས་བྱུང་ཡོད་ཅིང་། ཤང་ཀང་ལས་རིགས་ཁག་གིས་ནང་སའི་མི་དམངས་དང་མཉམ་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱས་ཏེ། རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེའི་བྱ་གཞག་ཆེད་བྱས་རྗེས་གསར་པ་སླར་ཡང་འཇོག་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།
         “ང་ཚོར་སྐུལ་ལྕག་ཧ་ཅང་ཆེན་པོ་ཐེབས་བྱུང”ཞེས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་གཡོད་ཨེས་སྨྱན་སྦྱོར་ཚན་པ་དང་ཐུག་འཕྲད་བྱེད་སྐབས་དེ་ལྟར་བརྗོད་ཅིང་། ཁོང་གིས་འདི་ལོ་ནི་རྒྱལ་ཁབ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་ཞིག་རེད། ཀྲུང་དབྱང་གིས་ཚོགས་པ་ནང་སར་ལྟ་སྐོར་འཚམས་འདྲི་བྱེད་རྒྱུ་སྒྲིག་འཛུགས་གནང་བར་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་ལ་ཧ་ཅང་གཟི་བརྗིད་ལྡན་པའི་མྱོང་ཚོར་བྱུང་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ངོ་མས་མཇལ་འཕྲད་ཀྱང་གནང་བྱུང་། རྒྱལ་ཁབ་སྒྱུར་བཅོས་སྒོ་དབྱེ་བྱས་པའི་བརྒྱུད་རིམ་ནང་ཤང་ཀང་ནི་དཔང་པོ་དང་། ཞུགས་མཁན། ལེགས་སྐྱེས་འབུལ་མཁན་བཅས་ཡིན་ལ། རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེར་བརྟེན་ནས་ཕན་པ་ཐོབ་མཁན་ལ་གྱུར་པ་དང་སྦྲགས། རང་ངོས་ལའང་འཕེལ་རྒྱས་ཡག་པོ་བྱུང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤང་ཀང་གི་ལས་རིགས་ཁག་ལ་གདེང་འཇོག་དང་། ཐུགས་ཁུར། རྒྱབ་སྐྱོར་བཅས་གནང་སྟེ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་ཤང་ཀང་དང་ཨའོ་མོན་གྱི་ལེགས་ཆ་ཆེ་ཤོས་དང་། རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེ་ནི་ཤང་ཀང་དང་ཨའོ་མོན་གྱི་གར་སྟེགས་ཆེ་ཤོས་ཡིན་པས་ཤང་ཀང་སྤྱི་ཚོགས་ཀྱི་ཡིད་ཆེས་བརྟན་དུ་ཕྱིན་པ་དང་ཁ་ཕྱོགས་གསལ་སྟོན་བྱུང་ཡོད་ཅེས་ནན་བཤད་གནང་ཡོད། དེར་བརྟེན། ང་ཚོས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཆེན་པོ་དང་མཉམ་འདྲེས་ཧུར་ཐག་ཡོང་བ་བྱས་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ཤང་ཀང་གི་དམིགས་བསལ་ལེགས་ཆ་མུ་མཐུད་ཡག་པོ་སྤྱོད་པ་དང་། ཤང་ཀང་གི་དམིགས་བསལ་གྱི་ལེགས་ཆར་བརྟེན་ནས་རྒྱལ་ཁབ་ཀྱི་དགོས་མཁོར་ལེགས་སྐྱེས་ཕུལ་ཏེ། གོ་སྐབས་དམ་འཛིན་གྱིས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་རྒྱུ་ཡིན། ཤང་ཀང་གི་འབྱུང་འགྱུར་ངོས་ནས་བརྗོད་ཚེ་སྲོལ་རྒྱུན་གྱི་ལེགས་ཆ་ལྡན་པའི་ཐོན་ལས་དང་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་གང་ཞིག་ཡིན་རུང་ཚང་མར་འཕེལ་རྒྱས་ཀྱི་མདུན་ལམ་ཡག་པོ་ཡོད་ཅེས་བརྗོད་པ་རེད།
         “ཀྲུའུ་ཞི་ཞི་ཕིན་ཕིང་གི་གསུང་བཤད་ལ་བརྩེ་བ་ཟབ་མོ་ལྡན་པས། ཚང་མར་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་ནས་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་སོང”ཞེས་རྒྱལ་ཡོངས་སྲིད་གྲོས་ཀྱི་དེ་སྔའི་རྒྱུན་ཨུ་འབྲི་ཆུ་གོས་བཟོ་ཚད་ཡོད་ཀུང་སིའི་ཏུང་ཧྲི་སྤྱི་ཁབ་ཅིང་ལི་ཁྲེན་ཡུང་ཆིས་བརྗོད་ཅིང་། ཁོང་གིས་ཤང་ཀང་དང་ཨའོ་མོན་གྱིས་རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེར་ལེགས་སྐྱེས་ཕུལ་བའི་མཚོན་བྱེད་རང་བཞིན་གྱི་དོན་ཆེན་མང་པོ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུགས་ལ་གསལ་པོ་ངེས་གནང་སྟེ་ཤང་ཀང་དང་ཨའོ་མོན་གྱིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ལྷག་བསམ་རྣམ་དག་དང་རྒྱལ་གཅེས་ཀྱི་བརྩེ་བ་ཟབ་མོ་མཚོན་པར་གནང་ཡོད་པས་ཁོང་ཚོ་སེམས་སྐྱིད་པོ་དང་ངར་སེམས་འཕེལ་བ་བྱུང་ཡོད་ཅེས་བརྗོད་པ་རེད།
         “ཀྲུའུ་ཞི་ཞི་ཅིན་ཕིང་དང་ང་ཚོ་ཆུ་ཚོད་གཉིས་ལྷག་ཙམ་བཞུགས་མོལ་བྱས་པས་ཚང་མ་དགའ་ཚོར་ཆེན་པོ་བྱུང་བ་མ་ཟད། མཐོང་ཆེན་པོ་ཡང་ཐོབ་ཡོད”ཅེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཤང་ཀང་ལི་ཝུན་ཤོག་བཟོ་ཚད་ཡོད་ཀུང་སིའི་ཀྲུའུ་ཞི་ལི་ཝུན་ཅུན་གྱིས་དཔེ་དྲངས་ནས་བརྗོད་ཅིང་། ཁོང་གིས། གསུང་བཤད་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤང་ཀང་དང་ཨའོ་མོན་གྱི་མི་སྣས་རྒྱལ་ཁབ་ཀྱི་སྒྱུར་བཅོས་སྒོ་དབྱེར་ཕུལ་བའི་ལེགས་སྐྱེས་ལ་གདེང་འཇོག་གང་ལེགས་གནང་བ་མ་ཟད། ད་དུང་སྐུ་ཚབ་ཚོགས་པའི་མི་མང་ཆེ་བ་ནི་ངོ་ཤེས་རྙིང་པ་དང་གྲོགས་པོ་རྙིང་པ་རེད་ཅེས་གསུངས་པས་ཚང་མ་དགའ་ཚོར་ཆེན་པོ་བྱུང་སོང་ཞེས་བརྗོད་པ་རེད།
         ཤང་ཀང《ཏ་ཀུང་ཚགས་པར》གྱིས་དཔྱད་གཏམ་སྤེལ་ནས་འདི་ནི་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་ཟབ་མོ་ཡིན་ལ་ངར་ཤུགས་འཕེལ་བ་དང་། མི་སེམས་ལ་སྐུལ་མ་ཐེབས་པའི་མཇལ་འཕྲད་ཅིག་རེད། དེ་འབྱུང་འགྱུར་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འཕེལ་རྒྱས་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་མཉམ་འདྲེས་དེ་བས་ལེགས་པར་ཡོང་བ་བྱ་རྒྱུའི་ངོས་ནས་བརྗོད་ཚེ་སྣེ་ཁྲིད་དང་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་རྒྱུ་རེད་ཅེས་བརྗོད་པ་རེད།

  
style="display:none;"