མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་དང་ལི་ཁེ་ཆང་ཁག་སོ་སོས་དབྱི་རག་གི་ཙུང་ཐུང་དང་ཙུང་ལི་དང་ཀྲུང་དབྱིའི་དབར་ཕྱི་འབྲེལ་འབྲེལ་
བ་བཙུགས་ནས་ལོ་60འཁོར་བའི་རྟེན་འབྲེལ་གློག་འཕྲིན་སྤྲིངས་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་27ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་25ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་རག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མཱ་སུའུ་མུའུ་དང་རྟེན་འབྲེལ་གློག་འཕྲིན་སྤྲིངས་རེས་གནང་ནས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུས་པ་རེད།
         ཞི་ཅིན་ཕིང་གི་རྟེན་འབྲེལ་གློག་འཕྲིན་ནང་ཀྲུང་དབྱིའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་60འཁོར་ཚུན། ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་འཕེལ་རྒྱས་ཀྱི་དུས་བབ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་ལ། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་བརྟན་པོའི་སྒོ་ནས་སྐུལ་འདེད་ཐེབས་ཡོད། 2015ལོར་རྒྱལ་ཁབ་གཉིས་ཀྱིས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་ཏེ་ཀྲུང་དབྱིའི་མཛའ་གྲོགས་ཀྱི་ལེའུ་གསར་པ་ཕྱེ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གོ་སྐབས་གསར་པ་མང་པོ་འཕྲད་ཡོད། ངས་ཀྲུང་དབྱིའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་60འཁོར་བ་གོ་སྐབས་སུ་བྱས་ཏེ་ཐུན་མོང་ཐོག“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུའི་སྒྲོམ་གཞིའི་འོག་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། གཉིས་ཕན་མཉམ་ལས་བྱེད་པ། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
          མཱ་སུའུ་མུའུ་ཡི་རྟེན་འབྲེལ་གློག་འཕྲིན་ནང་ད་ཕན་ལོ་ཤས་རིང་དབྱི་ཀྲུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མངོན་གསལ་དོད་པོས་འཕེལ་རྒྱས་ཕྱིན་པ་དང་དཔལ་འབྱོར་དང་ཚོང་དོན་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། དབྱི་རག་གིས་ཕྱོགས་ཡོངས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱ་ཆེར་བཏང་ནས་མཛའ་གྲོགས་ལྡན་པའི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཏེ་རྒྱལ་ཁབ་གཉིས་དང་ས་ཁུལ་གྱི་བདེ་འཇགས་དང་། ཞི་བདེ། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད་པ་རེད།
         དེ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་དབྱི་རག་གི་ཙུང་ལི་ཨ་པཱ་ཏིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་སྤྲིངས་རེས་གནང་ཞིང་། ལི་ཁེ་ཆང་གི་རྟེན་འབྲེལ་གློག་འཕྲིན་ནང་ཀྲུང་གོས་དབྱི་རག་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་རྒྱུན་ཆད་མེད་པར་བརྟན་དུ་བཏང་ནས་ཐུན་མོང་ཐོག“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུའི་སྒྲོམ་གཞིའི་འོག་གི་གཉིས་ཕན་མཉམ་ལས་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ཞེས་གསུངས་པ་རེད།
        ཨ་པཱ་ཏིའི་རྟེན་འབྲེལ་གློག་འཕྲིན་ནང་དབྱི་རག་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་བརྟན་དུ་བཏང་ནས་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་རྒྱ་ཆེར་བཏང་ཐོག་ཕྱོགས་གཉིས་ཀྱི་ཐུན་མོང་ཁེ་ཕན་དང་རེ་སྒུག་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།