མི་དམངས་དྲ་བ།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ནུབ་རྒྱུད་ས་ཁུལ་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་
འདུ་སྐོང་ཚོགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་25ཉིན། 12:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། རྒྱལ་སྲིད་སྤྱི་ཁྱབ་ཁང་ནུབ་རྒྱུད་ས་ཁུལ་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ནུབ་རྒྱུད་ས་ཁུལ་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་སྐོང་ཚོགས་གནང་ནས་ནུབ་རྒྱུད་གསར་སྤེལ་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་བཀོད་སྒྲིག་གནང་བ་རེད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ནུབ་རྒྱུད་ས་ཁུལ་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཧན་ཀྲེང་ཕེབས་པ་རེད།
         ཚོགས་འདུའི་ཐོག རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ནུབ་རྒྱུད་གསར་སྤེལ་འཕེལ་རིམ་སོགས་ཀྱི་གནས་ཚུལ་སྙན་ཞུ་བྱས་ཤིང་། ནུབ་རྒྱུད་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་ཁག་གི་སྲིད་གཞུང་གི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད་སྤེལ་བ་རེད། ལི་ཁེ་ཆང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་ཅིང་རྒྱལ་ཡོངས་ཀྱི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་པ་གལ་ཆེན་ཐོན་ཡོད། ནུབ་རྒྱུད་ས་ཁུལ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་འཁྲོལ་འཁྱིལ་གྱི་ས་ཁུལ་ཆེན་པོ་ཞིག་རེད་ལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་དེང་རབས་ཅན་མངོན་འགྱུར་ཡོང་བའི་གཙོ་གནད་དང་དཀའ་གནད་ཅིག་ཀྱང་རེད། མིག་སྔར་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་གི་འགྱུར་ལྡོག་གསར་པའི་མདུན་དུ་སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་དོ་སྙོམས་པོ་མེད་པ་དང་ཆ་ཚང་པོ་མེད་པའི་གནད་དོན་ཐག་གཅོད་བྱེད་དགོས་པའི་བླང་བྱ་གཞིར་བཟུང་སྒྱུར་བཅོས་སྒོ་དབྱེའི་གསར་གཏོད་ལ་དམ་པོར་བརྟེན་ནས་ནུབ་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ལས་གྲུབ་ཆ་རིམ་སྤོར། དམངས་འཚོ་ཟམ་མི་ཆད་པར་ལེགས་གཏོང་བཅས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཡོངས་ཀྱི་དཔལ་འབྱོར་བརྟན་ཁྲོད་ལེགས་འཕེལ་རྒྱུན་འཁྱོངས་ཡོང་རྒྱུར་བར་མཐོངས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
         ལི་ཁེ་ཆང་གིས་ནུབ་རྒྱུད་ས་ཁུལ་གྱིས་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་མཐོ་རུ་གཏོང་བར་ངེས་པར་དུ་དེ་བས་འགྲན་རྩོད་ཀྱི་ནུས་པ་ལྡན་པའི“ནང་དངོས་མཐུན་རྐྱེན་ཁོར་ཡུག”སྔར་བས་བསྐྲུན་དགོས།“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་གཞི་ཚུགས་ཏེ་གསོན་ཤུགས་རྒྱས་པར་བྱེད་དགོས་ཤིང་། ཁེ་ལས་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བ་དང་མང་ཚོགས་ལས་དོན་སྒྲུབ་དཀའ་བ་སོགས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་དགོས་པ་དང་ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་གནས་དམའ་རུ་གཏོང་བའི་ཐད་གོམ་སྟབས་དེ་བས་ཆེ་བ་སྤོ་དགོས། རང་ངོས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་གསར་གཏོད་ལ་སྐུལ་འདེད་གཏོང་དགོས་ཤིང་། “གཉིས་གཏོད”དེ་དམ་འཛིན་བྱ་གཞིར་བྱས་ཏེ་ནུབ་རྒྱུད་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་དང་སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྲོལ་རྒྱུན་གྱི་སྒུལ་ནུས་སྒྱུར་བཀོད་རིམ་སྤོར་བྱེད་པའི་ཐད་གོམ་སྟབས་དེ་བས་ཆེ་བ་སྤོ་དགོས། ས་བབ་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ཏེ་སྒོ་དབྱེར་སྐུལ་འདེད་གཏོང་དགོས་ཤིང་། སྐམ་སའི་དབུས་ཁུལ་གྱི་སྒོ་དབྱེའི་མཐོ་ས་ཧུར་ཐག་བཏོད་དེ་ནང་ངོས་དང་ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བའི་ཐད་གོམ་སྟབས་དེ་བས་ཆེ་བ་སྤོ་དགོས་ཞེས་གསུངས་པ་རེད།
         ལི་ཁེ་ཆང་གིས་དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་དང་ནང་མཁོ་རྒྱ་སྐྱེད་གཏོང་རྒྱུ་གཉིས་ཟུང་འབྲེལ་དེ་བས་ཡག་པོ་བྱས་ཏེ་གཙོ་གནད་མངོན་གསལ་དོད་པོས་ཞན་ཆ་གསབ་པ་དང་། ནུབ་རྒྱུད་དུ་དགོས་གལ་ཆེ་ལ་རྒྱལ་ཁབ་ཀྱི་འཆར་འགོད་དང་ཡང་མཐུན་པའི་གཙོ་གནད་ལས་གྲྭ་ཁག་གཅིག་གི་འཛུགས་སྐྲུན་ལ་དམ་འཛིན་གྱིས་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ལ་ནུབ་རྒྱུད་ས་ཁུལ་གྱིས་ཀྱང་སྒྱུར་བཅོས་ཟབ་གཏོང་ལ་བརྟེན་ནས་དམངས་ཁྲོད་མ་རྩ་ཞུགས་རྒྱུའི་ཡིད་དབང་ཧུར་ཐག་འགུག་དགོས། ཁྲོན་བོད་ལྕགས་ལམ་དང་ཁྲུང་ཆིང་ནས་ཁུན་མིང་བར་གྱི་ལྕགས་ལམ་སོགས་བགྲོད་ལམ་ཆེ་མོ་གང་མགྱོཌ་བསྐྲུན་འགོ་བཙུགས་ཏེ། གཞུང་ལམ་མགོ་ཡོད་མཇུག་མེད་རྣམས་ཤར་གཏོང་ཐུབ་པ་བྱེད་པ་དང་། གློག་ཤུགས་དང་། སྣུམ་རླངས། ཆ་འཕྲིན་སོགས་དྲ་རྒྱ་གཙོ་ཆེ་གྲས་འཛུགས་སྐྱོང་ལ་སྔར་བས་སྐུལ་འདེད་གཏོང་དགོས། ཡུན་ནན་དབུས་རྒྱུད་དུ་ཆུ་འདྲེན་དང་། ཀོང་ཤིས་དབུས་རྒྱུད་ཀྱི་ཐན་འགོག་དུས་ཐེངས་གཉིས་པ། ཅིས་ཉིང་ལ་རྨ་ཆུ་འདྲེན་པ། ཐའོ་ཧོ་གཙང་ཆུ་འདྲེན་པའི་དུས་ཐེངས་གཉིས་པ་སོགས་ཀྱི་གཙོ་གནད་ཆུ་འདྲེན་ལས་གྲྭར་སྐུལ་འདེད་གཏོང་བ་དང་བྱང་གསུམ་འགོག་སྲུང་ནགས་ཚལ་སོགས་གཙོ་གནད་སྣོད་བཅུད་འདུ་འགོད་ལ་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ་མ་འཇོག་དང་གཉེར་སྐྱོང་ལམ་སྲོལ་གསར་གཏོད་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་དང་གད་སྙིགས་གཙང་སེལ་གྱི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མྱུར་དུ་བཏང་ནས་སྣོད་བཅུད་ཁོར་ཡུག་ལེགས་གཏོང་དང་དམངས་འཚོའི་དགོས་གལ་སྐོང་བའི་ཕན་ནུས་གཉིས་ཀ་འདོན་དགོས། འཛད་སྤྱོད་ཁོར་ཡུག་ལེགས་སུ་བཏང་སྟེ་དྲ་ཐོག་ཉོ་སྒྲུབ་དང་། རིག་གནས། བདེ་ཐང་སོགས་གསར་དར་འཛད་སྤྱོད་འཕེལ་རྒྱས་གཏོང་རྒྱུར་སྐུལ་ལྕག་བྱས་ནས་ནུབ་རྒྱུད་ཁྲོམ་རའི་འཛད་སྤྱོད་ཀྱི་གཏིང་ཤུགས་སྔར་བས་ཆེ་བ་འདོན་དགོས་ཞེས་གསུངས་པ་རེད།
         ལི་ཁེ་ཆང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་རང་རྒྱལ་འདི་ཉིད་སྔར་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པ་དང་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་སུ་གནས་པའི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞི་ཚུགས་ཏེ་གང་ཐུབ་ཅི་ཐུབ་དང་འཁོས་དཔག་ལས་སྒྲུབ་ཀྱིས་ནུབ་རྒྱུད་ས་ཁུལ་གྱི་དམངས་འཚོ་ཟམ་མི་ཆད་པར་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་གྱི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ“དྲ་སྦྲེལ+”སོགས་བྱ་ཐབས་གསར་པ་སྤྱད་ནས་ཐག་རིང་ལུང་ཁུག་གི་ས་ཁུལ་དབུལ་པོར་སྤུས་ལེགས་སློབ་གསོ་དང་སྨན་བཅོས་ཐོན་ཁུངས་སྔར་བས་མང་བ་སྤྱོད་རྒྱུ་ཡོང་བ་བྱེད་དགོས་པ་དང་། ནུབ་རྒྱུད་ཀྱི་ལས་ཞུགས་དང་རྒན་གསོ་སོགས་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།
        ལི་ཁེ་ཆང་གིས་ནུབ་རྒྱུད་ས་ཁུལ་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་དང་ནུབ་རྒྱུད་ཞིང་ཆེན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་འབད་འབུངས་ཡར་བརྩོན་དང་རང་འགུལ་ངང་བྱས་རྗེས་བཞག་ནས་ནུབ་རྒྱུད་ས་ཁུལ་གྱི་སྒྱུར་བཅོས་སྒོ་དབྱེ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།