འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་
    སྲིད་གཞུང་གི་ཚབ་ཞུས་ཏེ་ཚོགས་ཆེན་ཐོག་སྲིད་གཞུང་གི་
    ལས་དོན་སྙན་སྒྲོན་གནང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་21ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་
སྲིད་གཞུང་གི་ཚབ་ཞུས་ཏེ་ཚོགས་ཆེན་ཐོག་སྲིད་གཞུང་གི་
ལས་དོན་སྙན་སྒྲོན་གནང་བ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་18ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པ་ཚེས་18ཉིན་གྱི་སྔ་དྲོ་ལྷ་སར་གཟབ་རྒྱས་ངང་འཚོགས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ཏེ་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་རེད།
         སྲིད་གཞུང་གི་ལས་དོན་སྙན་སྒྲོན་དེ་ཆ་ཤས་གསུམ་ལ་དབྱེ་བ་སྟེ། གཅིག 2014ལོའི་ལས་དོན་ལ་ཕྱིར་མིག་བལྟ་བ་དང་། གཉིས། 2015ལོའི་ལས་དོན་བཀོད་སྒྲིག གསུམ། སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་རེད།
         བློ་བཟང་རྒྱལ་མཚན་གྱིས་2014ལོ་ནི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགོ་འཛུགས་ལོ་དང“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་པའི་འགག་སྒྲོལ་ལོ་ཞིག་རེད། ང་ཚོས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་རང་འགུལ་ངང་བསྟུན་ནས། ཞིང་འབྲོག་ལས་དང་རྨང་གཞིའི་སྒྲིག་བཀོད་ཀྱི་རྨང་གཞི་གཉིས་བརྟན་པོ་འདིང་རྒྱུ། ཁྱད་ལྡན་ཐོན་ལས་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་གཙོ་གནད་གཉིས་མངོན་གསལ་དོད་པོ་ཡོང་བ། དམངས་འཚོ་ལེགས་གཏོང་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་འགན་ལེན་གཉིས་ལ་ཤུགས་སྣོན་རྒྱག་རྒྱུ། སྒྱུར་བཅོས་སྒོ་དབྱེ་དང་ཁ་གཏད་རོགས་སྐྱོར་གྱི་སྒུལ་ཤུགས་གཉིས་འཕེལ་བར་བྱེད་རྒྱུ། ཚན་རྩལ་དང་ཤེས་ལྡན་པའི་འདེགས་སྐྱོར་གཉིས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་གི་རྨང་རྡོ་གཉིས་སྲ་བརྟན་དུ་གཏོང་རྒྱུ་བཅས་ཀྱི“དམ་འཛིན་བྱེད་ས་ཆ་དྲུག”ལ་དམིགས་ནས་དམངས་འཚོ་སྔོན་སྒྲུབ་དང་། ཁྲོམ་རས་སྐུལ་གཏོང་། རྣམ་གྲངས་ཀྱིས་སྐུལ་ཁྲིད། དངུལ་རྩས་འདེད་སྐུལ། གསར་གཏོད་ལ་བརྟེན་པ། ཁོར་ཡུག་ལ་བརྟེན་ནས་སྐུལ་འདེད་གཏོང་བ་བཅས་ཀྱི“བྱེད་ཐབས་ཁག་དྲུག”ཤུགས་ཆེར་གཏོང་བ་དང་། ཞི་མཐུན་བརྟན་ལྷིང་དང་། སྣོད་བཅུད་སྲུང་སྐྱོང་། བདེ་འཇགས་ཐོན་སྐྱེད་བཅས་ཀྱི“མ་མཐའི་མཚམས་ཐིག་གསུམ”བརྟན་སྲུང་བྱེད་པ། བརྟན་པོའི་ངང་འཕར་བ་དང་། གྲུབ་ཆ་ལེགས་སྒྲིག སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། དམངས་འཚོར་ཕན་འདོགས་པ། བརྟན་ལྷིང་སྲུང་སྐྱོང་བཅས་བྱས་ཏེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གཏན་འཁེལ་བྱས་པའི་ལོ་འཁོར་མོའི་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་རེད། སྔོན་དཔག་བྱས་ན་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་925ཟིན་ནས་12%འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྒོར་དུང་ཕྱུར་1100ཟིན་ནས་19.8%འཕར་བ། སྤྱི་ཚོགས་འཛད་སྤྱོད་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་323.6འཕར་ནས་12.9%འཕར་བ། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་124འཕར་ནས་30.8%འཕར་བ། ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་174.1འཕར་ནས་17.8%འཕར་བ། གྲོང་གསེབ་ཀྱི་ཡུལ་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་7471ཟིན་ནས་14%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་22026ཟིན་ནས་8%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་2.5%ནང་ཚུན་དུ་ཚོད་འཛིན་ཐུབ་པ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བཅས་རེད། གྲོང་གསེབ་ཀྱི་ཡུལ་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དང་། སྤྱི་ཚོགས་འཛད་སྤྱོད་སིལ་ཚོང་དངུལ་འབོར། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་འཕར་ཚད་བཅས་ཚང་མ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་ཅེས་གསུངས་པ་རེད།
         བློ་བཟང་རྒྱལ་མཚན་གྱིས་ལོ་གཅིག་རིང་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཆག་པའི་གནོན་ཤུགས་ཆེ་རུ་འགྲོ་བའི་གནས་ཚུལ་འོག་ང་ཚོས་རང་འགུལ་གྱི་བྱ་སྤྱོད་སྤེལ་ནས་ནུས་པ་ཡག་པོ་འདོན་པ་དང་། སྟངས་འཛིན་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། བྱེད་ཐབས་ཤུགས་ཆེར་གཏོང་བ་བཅས་བྱས་པས་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕར་མགྱོགས་པ་དང་། མ་འཇོག་བྱེད་ཤུགས་ཆེ་བ། སྤུས་ཚད་ཕན་འབྲས་ཡག་པ། འདེགས་སྐྱོར་ནུས་པ་ཆེ་བ། དམངས་འཚོ་ཏན་ཏིག་ངང་ལེགས་སུ་ཕྱིན་པ། སྣོད་བཅུད་ཁོར་ཡུག་ཡག་པ། སྤྱི་ཚོགས་དུས་བབ་བརྟན་པ་བཅས་བྱུང་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པར་བྱེད་པའི་འཕེལ་རིམ་ཁྲོད་སྲ་ཞིང་བརྟན་པའི་གོམ་སྟབས་སྤོས་ཡོད་ཅེས་གསུངས་པ་རེད།
         བློ་བཟང་རྒྱལ་མཚན་གྱིས་སྲིད་གཞུང་ལས་དོན་གྱི་སྤྱིའི་བླང་བྱ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་དང“བོད་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་མངོན་འགྱུར་ཧུར་ཐག་བྱེད་པའི”མཆན་འགོད་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་དང་། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“ཁྲིམས་ལྟར་བོད་སྐྱོང་བ་དང་། ཡུན་རིང་བོད་འཛུགས་སྐྲུན་བྱེད་པ། མི་སེམས་ཐོབ་ཐབས་བྱེད་པ། རྨང་གཞི་བརྟན་དུ་གཏོང་བ”བཅས་ཀྱི་རྩ་དོན་གལ་ཆེན་ལག་བསྟར་དོན་འཁྱོལ། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུར་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས། ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་ཚོགས་འདུ་ཐེངས་དྲུག་པ་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ་ལྟེ་བར་བྱ་རྒྱུ་མཐའ་འཁྱོངས། “663”ལས་ཀའི་བསམ་ཕྱོགས་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བཅས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་འགུལ་རྣམ་གསར་པར་རང་འགུལ་ངང་བསྟུན་པ་དང་བརྟན་པོའི་ངང་འཕར་བ་དང་། གྲུབ་ཆ་ལེགས་སྒྲིག སྒྱུར་བཅོས་ལ་སྐུལ་གཏོང་། དམངས་འཚོར་ཕན་འདོགས་པ། བརྟན་ལྷིང་འགན་ལེན་བཅས་མངོན་གསལ་དོད་པོ་བྱས་ནས་མ་འཇོག་གི་སྐུལ་ཁྲིད་དང་། སྒྱུར་བཅོས་སྒོ་དབྱེ། ཐོན་ལས་ཀྱི་འདེགས་སྐྱོར། དབུལ་སྐྱོར་འགག་སྒྲོལ་བཅས་བྱེད་ཤུགས་ཆེ་རུ་བཏང་ཐོག་དཔལ་འབྱོར་རྒྱུན་མཐུད་དང་། མགྱོགས་མྱུར། སྐྱོན་བྲལ་བཅས་ངང་འཕེལ་རྒྱས་འགྲོ་བ་དང་། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ངང་ཞི་མཐུན་བརྟན་ལྷིང་ཡོང་བ། སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ངང་ཡག་པོ་ཡོད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་མཐུད་ངང་གོང་མཐོར་འགྲོ་བ་བཅས་ལ་སྐུལ་འདེད་བཏང་སྟེ“ལོ་ལྔ་ཚན་བཅུ་གཉིས་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བ་བྱ་རྒྱུ་དེ་རེད་ཅེས་གསུངས་ཡོད།
         བློ་བཟང་རྒྱལ་མཚན་གྱིས་2015ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་12%ཙམ་འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་འཕར་ཚད་20%ཡན་ཟིན་པ། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་ཀྱི་སིལ་ཚོང་དངུལ་འབོར་13%ཡན་འཕར་བ། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་15%འཕར་བ། ཡུལ་མིའི་འཛད་སྤྱོད་རིན་གོང་འཕར་ཚད་4%ནང་ཚུན་དུ་ཚོད་འཛིན་བྱེད་པ། གྲོང་གསེབ་ཀྱི་ཡུལ་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་13%ཡན་འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་10%འཕར་བ། མི་ཁྲི་4.6གསར་དུ་ལས་ཞུགས་ཐུབ་པ་བཅས་བྱ་རྒྱུ་དེ་རེད་ཅེས་གསུངས་པ་རེད། བློ་བཟང་རྒྱལ་མཚན་གྱིས་ཕྱོགས་དྲུག་གི་ཐད་ནས་2015ལོའི་གཙོ་གནད་ལས་དོན་སྙན་སྒྲོན་གནང་བ་སྟེ། གཅིག་ནི་ཞིང་འབྲོག་ལས་དང་རྨང་གཞིའི་སྒྲིག་བཀོད་ཀྱི་རྨང་གཞི་གཉིས་བརྟན་པོ་འདིང་བ་དང་། ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་བཏང་སྟེ་རྨང་གཞིའི་སྒྲིག་བཀོད་ཀྱི་འཇུར་མིག་གང་མགྱོགས་མེད་པར་བཟོས་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་བ་དང་། གཉིས་ནི་ཁྱད་ལྡན་ཐོན་ལས་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་གཙོ་གནད་གཉིས་མངོན་གསལ་དོད་པོ་ཡོང་བ་བྱེད་པ། ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་བཟོ་ལས་གཞི་ཁྱོན་ཆགས་པ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གཙོ་བོ་དང་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་བསྐྲུན་མགྱོགས་སུ་བཏང་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་རྒྱག་པ། གསུམ་ནི་དམངས་འཚོ་ལེགས་སུ་གཏོང་བ་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་འགན་ལེན་གཉིས་ལ་ཤུགས་སྣོན་རྒྱག་པ། སྔ་ཕྱི་བར་གསུམ་དུ་དམངས་གཅེས་དང་། དམངས་བདེ། དམངས་ཕན་བཅས་ཀྱི་འདུ་ཤེས་བཅངས་ཏེ་70%ཡན་གྱི་ནོར་ཤུགས་དམངས་འཚོར་བཏང་ཐོག་ཞིང་འབྲོག་པ་དང་། གཞི་རིམ། ཉམས་ཞན་ཚོགས་སྤྱི་བཅས་ལ་གཙོ་གནད་ཐོག་ཁ་ཕྱོགས་པ་དང་དམངས་འཚོའི“དོན་དངོས་ཁག་བཅུ”མུ་མཐུད་ཡག་པོ་བསྒྲུབས་ནས་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། བཞི་ནི་སྒྱུར་བཅོས་སྒོ་དབྱེ་དང་ཁ་གཏོད་རོགས་སྐྱོར་གྱི་སྒུལ་ཤུགས་གཉིས་འཕེལ་བར་བྱེད་པ། སྒྱུར་བཅོས་ཀྱི་ཁེ་ཕན་ཆེ་ཤོས་ཐོན་པ་བྱེད་པ་དང་དངུལ་རྩའི་ཞབས་ཞུའི་འདེགས་སྐྱོར་ནུས་པ་ཆེ་རུ་བཏང་སྟེ་ནང་ངོས་དང་ཕྱི་ཕྱོགས་ལ་སྒོ་དབྱེ་བྱེད་རྒྱ་ཆེ་རུ་བཏང་ནས་ཁ་གཏད་བོད་སྐྱོར་ལས་དོན་ཟབ་ཏུ་གཏོང་བ། ལྔ་ནི་ཚན་རྩལ་དང་ཤེས་ལྡན་མི་སྣའི་འདེགས་སྐྱོར་གཉིས་ཤུགས་ཆེར་གཏོང་བ། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཧུར་ཐག་རྒྱག་པ། དྲུག་ནི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་གི་རྨང་གཞི་གཉིས་བརྟན་དུ་གཏོང་བ། མི་རིགས་མཐུན་སྒྲིལ་སྔར་བས་སྲ་བརྟན་དུ་གཏོང་བ་དང་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་བྱེད་ཐབས་ཁག་བཅུ་དོན་འཁྱོལ་བྱེད་པ་བཅས་རེད།
         བློ་བཟང་རྒྱལ་མཚན་གྱིས་ད་དུང་རྒྱལ་སྲུང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་སོགས་ཐད་རྒྱས་བཤད་གནང་བ་རེད།
         མཇུག་ཏུ་བློ་བཟང་རྒྱལ་མཚན་གྱིས་ང་ཚོ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་བྱེད་པ་བཅས་ཀྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སེམས་ནུས་གོང་བུ་གཅིག་འགྲིལ་དང་འགག་སྒྲོལ་དཀའ་སེལ་དང་། གསར་འབྱེད་གསར་གཏོད་དང་དམ་པ་དོན་གཉེར་བྱས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།
         ཚོགས་འདུའི་གྲོས་རིམ་གཞིར་བཟུང་ཚོགས་ཆེན་ཐོག་བོད་རང་སྐྱོང་ལྗོངས་ཀྱི་2014ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་ལེན་བསྟར་ཚུལ་དང་2015ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་གྱི་སྙན་སྒྲོན་དང་། བོད་རང་སྐྱོང་ལྗོངས་ཀྱི་2014ལོའི་ནོར་སྲིད་སྔོན་རྩིས་ལག་ལེན་བསྟར་ཚུལ་དང་2015ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན་པར་འགྲེམས་བྱས་པ་དང་ཞིབ་བཤེར་ཆོག་མཆན་འགོད་རྒྱུར་ཕུལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།