འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཝང་དབྱིས་ཀྱིས་ཀྲུང་གོས་ཞི་བདེ་བརྟན་ལྷིང་གི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་
    གསར་པ་ཞིག་འཛུགས་སྐྲུན་བྱ་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་31ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཕྱི་འབྲེལ་པུས་སྤྱི་ཚེས་29ཉིན་སྐབས་བཅུ་པའི་ཚོམས་ཆེན་སྔོན་མོའི་གླེང་སྟེགས་ཞེས་པ་གཉེར་ཡོད་པ་དང་། ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱིས་ཀྱིས་པེ་ཅིང་གི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་ཚོགས་འདུར་ཀྲུང་གོས་གྲ་སྒྲིག་ཨང་གསར་བྱས་ཟིན་ཞེས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་སྤེལ་ཡོད་པ་དང་། ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཕོ་ཉ་དང་། རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་ཀྲུང་གོར་བཅའ་སྡོད་འཐུས་མི། ཚོང་ལས་ལས་རིགས་ཀྱི་འཐུས་མི། རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་པ་དང་རིག་གནས་པ། དེ་བཞིན་རྒྱལ་ཁབ་ཕྱི་ནང་གི་གསར་འགྱུར་ལས་རིགས་ཀྱི་གསར་འགོད་པ་སོགས་མི་300ཙམ་གླེང་སྟེགས་ལ་ཞུགས་ཡོད་པ་རེད།
         ཝང་དབྱིས་ཀྱིས། ཀྲུང་གོས་ཞི་བདེ་བརྟན་ལྷིང་གི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་གསར་པ་ཞིག་འཛུགས་སྐྲུན་བྱ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། ང་ཚོས་ཀྲུང་གོ་དང་ཨ་རིའི་རྒྱལ་ཁབ་ཆེན་མོའི་འབྲེལ་བ་གསར་པ་འཛུགས་པ་དང་། ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་ཨེ་ཤ་ཡ་གླིང་གི་བདེ་འཇགས་ལྟ་བ་དར་སྤེལ་གཏོང་བ། ཕྱོགས་མང་རིང་ལུགས་དར་སྤེལ་ཧུར་ཐག་གཏོང་བ། རྒྱལ་སྤྱིའི་ཁྲིམས་སྐྱོང་ལག་བསྟར་བྱེད་པ་བཅས་བྱས་ཏེ། ས་ཁུལ་གྱི་ཚང་མས་དོ་ཁུར་བྱེད་པའི་གནད་དོན་ཞི་བའི་ངང་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། སྔོན་དཔག་བྱས་ན་གྲོས་ཚོགས་ལ་ཕྱོགས་གསུམ་གྱི་ཐད་འགག་འགྲོལ་གསར་པ་ཡོང་རྒྱུའི་རེ་བ་ཡོད་དེ། གཅིག་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རང་དབང་ཉོ་ཚོང་ཁུལ་གྱི་འཕེལ་རིམ་འགོ་བཙུགས་ནས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་གོམ་སྟབས་གསར་པ་སྤོ་རྒྱུ་དང་། གཉིས་ནི་དཔལ་འབྱོར་བསྒྱུར་བཅོས་དང་གསར་གཏོད་འཕར་སྣོན་སོགས་ཀ་རྟེན་ཁྱབ་ཁོངས་ཆེ་ཁག་ལྔ་གསལ་པོ་བཟོས་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་གྱི་འབྱུང་འགྱུར་གྱི་འགུལ་ཤུགས་གསར་པ་སྔོག་འདོན་བྱ་རྒྱུ། གསུམ་ནི་མཉམ་དུ་གོང་འཕེལ་བཏང་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཕྱོགས་ཡོངས་ཀྱི་དྲ་སྦྲེལ་འཆར་འགོད་གསར་པ་བཟོ་རྒྱུ་བཅས་ཡིན་ཞེས་བསྟན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།