མི་དམངས་དྲ་བ།

༄༅།།མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ་དུས་རབས་ལ་
ངོ་གནོང་མི་དགོས་པའི་ཕུལ་བྱུང་བརྩམས་ཆོས་དེ་བས་མང་པོ་གསར་རྩོམ་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་17ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ་དུས་རབས་ལ་
ངོ་གནོང་མི་དགོས་པའི་ཕུལ་བྱུང་བརྩམས་ཆོས་དེ་བས་མང་པོ་གསར་རྩོམ་བྱེད་དགོས།

    མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་15ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་པེ་ཅིང་དུ་རིག་རྩལ་ལས་དོན་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་དུས་རབས་མདུན་སྐྱོད་ཀྱི་དུང་བརྡ་ཡིན་པའི་རིག་རྩལ་གྱིས་དུས་རབས་ཀྱི་ཉམས་འགྱུར་མཚོན་པ་དང་དུས་རབས་ཀྱི་དར་སྲོལ་སྣེ་ཁྲིད་བྱེད་ཐུབ།“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་རིག་རྩལ་གྱི་ནུས་པ་ནི་ཚབ་བྱེད་ཐབས་བྲལ་བ་ཞིག་དང་རིག་རྩལ་ལས་དོན་པར་མདུན་ལམ་ཆེན་པོ་ལྡན་ཡོད། རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོས་དེ་ལྟ་བུའི་མཐོ་ཚད་ཀྱི་ཐོག་ནས་རིག་རྩལ་གྱི་གནས་བབ་དང་ནུས་པར་ངོས་འཛིན་བྱེད་པ་དང་། རང་ཉིད་ཕྲག་ཐོག་གི་ལོ་རྒྱུས་འོས་འགན་དང་འགན་འཁྲིར་ངོས་འཛིན་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་ཕྱོགས་སྟོན་མཐའ་འཁྱོངས་བྱེད་པ། དུས་རབས་ལ་ངོ་གནོང་མི་དགོས་པའི་ཕུལ་བྱུང་བརྩམས་ཆོས་དེ་བས་མང་པོ་གསར་རྩོམ་ཧུར་ཐག་བྱེད་པ། ཀྲུང་གོའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཀྲུང་གོའི་སྟོབས་ཤུགས་གཅིག་ཏུ་འགྲིལ་བ་བཅས་བྱས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཐོག་ནས་འབྱུང་འགྱུར་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་ལྕག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་བཞུཌ་མོལ་ཚོགས་འདུར་ཕེབས་ཡོད་པ་རེད།
    བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཐེ་ཉིང་དང་། ཀྲུང་གོ་ཁྲང་ཞི་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧྲང་ཧའེ་ཅིང་ཅུས་ཟློས་གར་ཁང་གི་སྒྱུ་རྩལ་སློབ་སྟོན་པ་ཧྲང་ཁྲང་རུང་།མཁའ་དམག་ཆབ་སྲིད་པུའི་རིག་རྩལ་ལས་དོན་ཚོགས་པའི་རིམ་པ་དང་པོའི་འཁྲབ་གཞུང་རྩོམ་པ་པོ་ཡན་སུ།ཀྲུང་གོ་མཛེས་རིས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུང་གོ་མཛེས་རིས་སློབ་གླིང་གི་ཡོན་ཀྲང་ཞུས་ཅང་། ཀྲུང་གོ་ཟློས་གར་མཐུན་ཚོགས་ཀྱི་ཀྲུའུ་ཞི་རྒྱལ་ཁབ་ཟློས་གར་ཆེ་མོ་ཁང་ཟློས་གར་སྒྱུ་རྩལ་གྱི་སྤྱི་ཁྱབ་ལྟ་ཞིབ་པ་ཀྲའོ་རུང་ཧེང་། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲང་ཧའེ་གྲོང་ཁྱེར་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཡེ་ཤིན། ཀྲུང་གོ་པར་རྒྱག་མཐུན་ཚོགས་ཀྱི་ཀྲུའུ་ཞི་རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་གི་རིམ་པ་དང་པོའི་འཁྲབ་སྟོན་པ་ལི་ཞུའེ་ཅན་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་བ་རེད།
    ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས།ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དང་ཐོག་རིག་རྩལ་བྱ་གཞག་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གལ་ཆེ་ཞིག་ཡིན་པ་དང་རིག་རྩལ་འཐབ་ཕྱོགས་ནི་ཏང་དང་མི་དམངས་ཀྱི་འཐབ་ཕྱོགས་གལ་ཆེ་ཞིག་ཡིན། དུས་ཡུན་རིང་པོའི་ནང་རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོས་རིག་རྩལ་གསར་རྩོམ་དང་། འཁྲབ་སྟོན། ཞིབ་འཇུགབརྒྱུད་བསྒྲགས་བཅས་ལ་གཞོལ་བའི་ཐོག་རང་ངོས་ཁྱབ་ཁོངས་ཁག་ནང་དཀའ་སྤྱད་འབད་འབུངས་དང་མི་དམངས་ལ་ཞབས་འདེགས་ཞུས་པར་བརྟེན་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་མ་ཟད།ལེགས་སྐྱེས་གལ་ཆེན་ཡང་ཕུལ་ཡོད། ཚང་མའི་འབད་བརྩོན་འོག་རང་རྒྱལ་གྱི་རིག་རྩལ་ལྡུམ་རར་རིག་རྩལ་གྱི་མེ་ཏོག་སྣ་མང་བཞད་པ་དང་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱང་མང་པོ་ཐོབ་སྟེ་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་ཀྱི་རྣམ་པ་ཐོན་ཡོད་ཅེས་གསུངས་ཤིང་། ཞིས་ཅིན་ཕིང་གིས་རྒྱལ་ཡོངས་རིག་རྩལ་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད།
    ཞིས་ཅིན་ཕིང་གིས་རིག་རྩལ་དར་རྒྱས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེས་རྩ་བ་ནི་ང་ཚོའི་རླབས་ཆེན་གྱི་མི་རིགས་དང་རླབས་ཆེན་དུས་རབས་ལ་ངོ་གནོང་མི་དགོས་པའི་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་བྱེད་དགོས། རིག་རྩལ་ལས་དོན་པ་ཚོས་གསར་རྩོམ་བྱ་རྒྱུ་དེ་རང་ཉིད་ཀྱི་ལས་འགན་གཙོ་བོ་དང་བརྩམས་ཆོས་རང་ཉིད་ཀྱི་གཞི་ཚུགས་སའི་རྩ་བ་ཡིན་པ་བློ་ལ་བརྟན་པོར་ངེས་ཏེ་ཡིད་རྣལ་དུ་ཕབ་ནས་གསར་རྩོམ་གྱི་ལས་ལ་ཞུགས་ཏེ་རིག་རྩལ་བརྩམས་ཆོས་ཡག་ཤོས་མི་དམངས་ལ་ལེགས་སྐྱེས་སུ་འབུལ་དགོས། ངེས་པར་དུ་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་བྱ་རྒྱུ་དེ་རིག་རྩལ་ལས་དོན་གྱི་ལྟེ་བའི་ལྷུ་ཚིགས་སུ་བརྩིས་ནས་དེང་སྐབས་ཀྲུང་གོའི་རིན་ཐང་ལྟ་བ་བརྒྱུད་བསྒྲགས་དང་། ཀྲུང་ཧྭའི་རིག་གནས་ཀྱི་སྙིང་སྟོབས་མངོན་པ། ཀྲུང་གོ་བའི་མཛེས་དཔྱོད་དོན་གཉེར་མཚོན་པ།བསམ་བློའི་རང་བཞིན་དང་། སྒྱུ་རྩལ་རང་བཞིན། ལྟ་སྣང་རང་བཞིན་བཅས་གཞི་གཅིག་ཏུ་སྒྲིལ་བའི་ཕུལ་བྱུང་བརྩམས་ཆོས་དེ་བས་མང་པོ་གསར་རྩོམ་བྱེད་དགོས།
    ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་རང་རྒྱལ་གྱི་རིག་རྩལ་གསར་རྩོམ་ཐད་དཔྱིད་ཀ་གསར་པ་ཤར་བ་དང་ཀུན་གྱི་མཐོང་ཆོས་སུ་གྱུར་པའི་ཕུལ་བྱུང་བརྩམས་ཆོས་མང་པོ་ཐོན་ཡོད།དེ་དང་ཆབས་ཅིག་རིག་རྩལ་གསར་རྩོམ་ཐད་གྲངས་འབོར་མང་ཡང་སྤུས་ཚད་ཞན་པ་དང“བརྩམས་ཆོས་མང”ཡང་བརྩམས་ཆོས་རྩེ་གྲ་དཀོན་པའི”སྣང་ཚུལ་དང་། བཤུ་བ་དང་ལད་མོ་བྱེད་པ། རྩོམ་བརྒྱ་དོན་གཅིག་བཅས་ཀྱི་གནད་དོན། འཕྲུལ་ཆས་ཅན་གྱི་ཐོག་ནས་གསར་རྩོམ་དང་མགྱོགས་ཟས་ཅན་གྱི་ཐོག་ནས་འཛད་སྤྱོད་བྱེད་པའི་གནད་དོན་བཅས་ལྷག་ཡོད་པ་ཁས་ལེན་བྱེད་དགོས།སྒྱུ་རྩལ་གྱིས་ཁྲོམ་རའི་དཔལ་འབྱོར་གྱི་རླབས་རྒྱུན་ཁྲོད་ཁ་ཕྱོགས་འཛོལ་མི་རུང་བ་དང་མི་གང་ཞིག་ཆེད་ཀྱི་གནད་དོན་ཐད་ཁ་ཕྱོགས་འཛོལ་མི་རུང་། དེ་ལྟར་བྱས་ན་རིག་རྩལ་ལ་གསོན་ཤུགས་མེད། མ་རབས་ཐ་ཤལ་ནི་གོ་བདེ་ཞིག་མིན། འདུན་པ་དྲག་པོས་རེ་བའི་ཚབ་བྱེད་མི་ཐུབ་པ་དང་། ཚོར་སྣང་དང་རོལ་རྩེད་ཀྱིས་བསམ་པའི་སྤྲོ་སྣང་མཚོན་མི་ཐུབ། བརྩམས་ཆོས་རྩེ་གྲའི་ནང་གི་རྩེ་གྲ་དེ་དེའི་བསམ་བློའི་རིན་ཐང་དང་། སྒྱུ་རྩལ་རྩེ་གྲཕུལ་བྱུང་རྩོམ་བཟོ་བཅས་ལ་རག་ལུས་ཡོད། རིག་རྩལ་ལས་དོན་པས་དེ་བས་རིང་བའི་མིག་རྒྱང་ཐོག་ནས་དུས་རབས་འཚོ་བའི་གསར་གཏོད་དང་བསྟུན་ཏེ་རང་ཉིད་ཀྱི་སྒྱུ་རྩལ་གཤིས་རྒྱུད་ལ་བརྟེན་ནས་གསར་རྩོམ་བྱེད་དགོས།མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ་རིག་གཞུང་དམངས་གཙོ་དང་སྒྱུ་རྩལ་དམངས་གཙོ་དར་སྤེལ་བཏང་ནས་དེ་བས་སྐྱོན་བྲལ་དང་ཡངས་ལ་ཞི་མཐུན་གྱི་རྣམ་པ་ཧུར་ཐག་གཏོད་དགོས་ལ། ལྟ་བ་དང་ལུགས་མི་འདྲ་བའི་དབར་གྲོས་བསྡུར་གང་ལེགས་བྱ་རྒྱུ་སྲོལ་གཏོད་དང་། རྩོམ་ལུགས་དང་། བརྗོད་བྱ།རྣམ་པ། བྱེད་ཐབས་བཅས་གང་ལེགས་འཕེལ་རྒྱས་གཏོང་རྒྱུ་སྲོལ་གཏོད་བྱས་ཏེ་ལྟ་བ་དང་། ནང་དོན། ཉམས་འགྱུར། ལུགས་བཅས་ཕན་ཚུན་གྲོས་བསྡུར་དང་མིག་དཔེར་འཛིན་རྒྱུར་སྐུལ་འདེད་གཏོང་དགོས།ཞིས་ཅིན་ཕིང་གིས་བསྟན་དོན། རིག་རྩལ་གསར་རྩོམ་དར་རྒྱས་དང་རིག་རྩལ་གསར་གཏོད་སྐུལ་འདེད་གཏོང་བར་ངེས་པར་དུ་ཀུན་སྤྱོད་དང་སྒྱུ་རྩལ་གཉིས་ལྡན་གྱི་རིག་རྩལ་མཁས་ཅན་མང་དག་ཅིག་ཡོད་དགོས།རང་རྒྱལ་གྱི་རྩོམ་པ་པོ་དང་སྒྱུ་རྩལ་མཁས་ཅན་རྣམས་དུས་རབས་དར་སྲོལ་གྱི་སྔོན་ཤེས་པ་དང་། སྔོན་སྐྱོད་པ།སྔོན་དུ་དར་སྤེལ་གཏོང་མཁན་བཅས་སུ་འགྱུར་བ་བྱེད་དགོས་པ་དང་སྙིང་རུས་ལྡན་པ་དང་། ཀུན་སྤྱོད་ལྡན་པ། རིན་ཐང་ལྡན་པ་བཅས་ཀྱི་རིག་རྩལ་བརྩམས་ཆོས་དེ་བས་མང་པོ་བརྩམས་ནས་མི་དམངས་ཀྱི་རླབས་ཆེན་ལག་ལེན་དང་དུས་རབས་ཀྱི་ཡར་ཐོན་བླང་བྱ་འབྲི་བ་དང་བཀོད་དེ་དད་མོས་དང་བླ་ན་མེད་པའི་མཛེས་སྡུག་གི་རྣམ་པ་མངོན་དགོས། རིག་རྩལ་ལས་དོན་པ་ཚོས་སྒྱུ་རྩལ་གྱི་ཕུགས་བསམ་རང་རྟོགས་ངང་བརྟན་སྲུང་བྱས་ནས་ཤེས་བྱ་དང་། བློ་སྦྱོང་། ཆུ་ཚད་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་བསམ་པའི་གསོག་འཇོག་དང་།ཤེས་བྱ་གསོག་འཇོགརིག་གནས་བློ་སྦྱོང་། སྒྱུ་རྩལ་སྦྱོང་བརྡར་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་བརྩམས་ཆོས་ཀྱི་སྤྱི་ཚོགས་ཕན་འབྲས་ལ་བསམ་གཞིག་ནན་པོ་བྱེད་དགོས། སྤུས་ཚད་ལ་སྣང་ཆེན་དང་སྒྱུ་རྩལ་པའི་ཀུན་སྤྱོད་ལ་སྣང་ཆེན་བྱས་ནས་ལོ་རྒྱུས་ཆེད་སྤྱོད་བཟང་དར་སྤེལ་དང་འཇིག་རྟེན་པར་སྤྱོད་བཟང་དར་སྤེལ་བཏང་སྟེ་བླ་ན་མེད་པའི་ལས་རིགས་ཀྱི་སྤྱོད་ལམ་དང་། སྤྱི་ཚོགས་ཀྱི་གཟུགས་བརྙན་བཟང་པོ།རིག་གནས་དང་སྤུས་ཚད་གཉིས་ལྡན་བཅས་ཀྱི་ཕུལ་བྱུང་བརྩམས་ཆོས་ལ་མི་དམངས་ཀྱི་དགའ་པོ་བྱེད་པ་དང་དགའ་བསུ་ཐོབ་པ་བྱེད་དགོས།
    ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དེ་ངོ་བའི་ཐད་ནས་བརྗོད་ན། མི་དམངས་ཀྱི་རིག་རྩལ་ཞིག་ཡིན།རིག་རྩལ་གྱི་ཐོག་ནས་མི་དམངས་ཀྱི་སེམས་ཀྱི་འབོད་སྒྲ་མཚོན་པ་བྱེད་པར་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་རྒྱུའི་རྩ་བའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས།དེ་ནི་ཏང་གིས་རིག་རྩལ་འཐབ་ཕྱོགས་ལ་བཏོན་པའི་གཞི་རྩའི་བླང་བྱ་ཞིག་ཡིན་ལ། རང་རྒྱལ་རིག་རྩལ་བྱ་གཞག་གི་མདུན་ལམ་དང་ལས་དབང་ཐག་གཅོད་བྱེད་པའི་འགག་རྩ་ཞིག་ཀྱང་ཡིན། མི་དམངས་ཀྱི་བསམ་པའི་རིག་གནས་དགོས་མཁོ་སྐོང་རྒྱུ་དེ་རིག་རྩལ་དང་རིག་རྩལ་ལས་དོན་པའི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ནས་མི་དམངས་རིག་རྩལ་གྱི་ནང་དོན་གཙོ་བོར་བྱེད་པ་དང་། མི་དམངས་རིག་རྩལ་མཛེས་དཔྱོད་ཀྱི་ལྟ་དཔྱད་པ་དང་ཤན་འབྱེད་མཁན་བྱེད་པ།མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་རིག་རྩལ་ལས་དོན་པའི་འགན་འཁྲིར་བརྩི་བ་བཅས་བྱེད་དགོས།
    ཞིས་ཅིན་ཕིང་གིས་བསྟན་དོན། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་བསྟུན་ནས་མི་དམངས་ཀྱིས་རིག་རྩལ་བརྩམས་ཆོས་ཚུད་པའི་རིག་གནས་ཐོན་རྫས་ཀྱི་སྤུས་ཚད་དང་། ཚད་གཞི། ཉམས་འགྱུར་སོགས་ལ་བཏོན་པའི་བླང་བྱ་ཡང་དེ་བས་མཐོ་རུ་ཕྱིན་ཡོད། རྩོམ་རིག་དང་། ཟློས་གར། གློག་བརྙན། བརྙན་འཕྲིན། རོལ་དབྱངས། ཞབས་བྲོ། མཛེས་རིས། འདྲ་པར། ཡིག་གཟུགས།གཞས་མ་གཏམ།རྩལ་རྩེད་བཅས་དང་དེ་བཞིན་དམངས་ཁྲོད་རིག་རྩལ་དང་མང་ཚོགས་རིག་རྩལ་སོགས་ཁྱབ་ཁོངས་ཚང་མ་དུས་རབས་འཕེལ་རྒྱས་ཀྱི་རྗེས་སྙེགས་ཐུབ་པ་དང་མི་དམངས་ཀྱི་དགོས་མཁོ་ཁོང་དུ་ཆུད་པ་བྱས་ནས་ཧ་ཅང་ཟབ་པའི་བསམ་པའི་ཉམས་འགྱུར་དང་། གསོན་ཉམས་ལྡན་པའི་རྩོམ་རྩལ། སྙན་འཇེབས་ལྡན་པའི་རོལ་དབྱངས་ཀྱི་འགྱུར་ཁུགམི་སེམས་འགུལ་བའི་གཟུགས་བརྙན་བཅས་ཀྱི་ཐོག་ནས་ལྟ་འདོད་ཅིང་ཉན་སྤྲོ་བའི་ཕུལ་བྱུང་བརྩམས་ཆོས་བརྩམས་ནས་མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བྱེད་དགོས།
    ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། མི་དམངས་ནི་རིག་རྩལ་གསར་རྩོམ་གྱི་འབྱུང་རྩ་ཞིག་ཡིན་པར་བརྟེན་གལ་སྲིད་མི་དམངས་དང་ཁ་བྲལ་ཚེ་རིག་རྩལ་དེ་རྩ་མེད་ཆུ་རྩྭ་དང་། ན་རྫུའི་ཀུ་ཅོ། བླ་སྲོག་མེད་པའི་ཕུང་པོ་བཅས་སུ་བསྒྱུར་རྒྱུ་རེད། ཕུལ་བྱུང་གི་བརྩམས་ཆོས་གསར་རྩོམ་ཐུབ་མིན་དེ་ཆེས་གཞི་རྩའི་ཐོག་ནས་མི་དམངས་ཆེད་བརྩམས་ཆོས་གསར་རྩོམ་ཐུབ་མིན་དང་། མི་དམངས་ཆེད་སྤྲོ་སེམས་མཚོན་ཐུབ་མིན།མི་དམངས་ཆེད་བརྩེ་དུང་མཚོན་ཐུབ་མིན་བཅས་ལ་རག་ལས་ཡོད། ཁེངས་སྐྱུང་ཆེན་པོས་མི་དམངས་ལ་སློབ་སྦྱོང་དང་འཚོ་བར་སློབ་སྦྱོང་བྱེད་པ་དང་མི་དམངས་ཀྱི་རླབས་ཆེན་ལག་ལེན་དང་ཕུན་སུམ་ཚོགས་པའི་འཚོ་བའི་ཁྲོད་ནས་སྒྱུ་རྩལ་གྱི་འཚོ་བཅུད་བསྡུ་ལེན་བྱས་ཏེ་འཚོ་བ་དང་སྒྱུ་རྩལ་གྱི་ཉམས་མྱོང་རྒྱུན་ཆད་མེད་པར་གསོག་འཇོག་དང་ངོ་མཚར་ཆེ་བའི་འཚོ་བ་ཤེས་རྟོགས་ཐུབ་པ་བྱས་ནས་ངོ་མཚར་ཆེ་བའི་བརྩམས་ཆོས་རྒྱུན་ཆད་མེད་པར་གསར་རྩོམ་བྱེད་དགོས།མི་དམངས་ཀྱི་བདེ་སྡུག་དེ་ཐོག་མཐའ་བར་གསུམ་དུ་སེམས་ནང་འཇོག་པ་དང་མི་དམངས་ཀྱི་དགའ་སྐྱོ་སྡང་སྤྲོ་དེ་རང་ཉིད་ཀྱི་བརྩམས་ཆོས་ནང་མཚོན་པར་བྱས་ཏེ་མི་ཚེར་བསྟོད་གླུ་འབུལ་བ་དང་མཛེས་སྡུག་ལྡན་པའི་མི་སྣ་གསར་རྩོམ་བྱས་ཏེ་མི་རྣམས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་དང་ཡིད་ཆེད་ཀྱིས་ཁེངས་པའི་བསམ་བློ་སྲ་བརྟན་དུ་གཏོང་དགོས།
    ཞིས་ཅིན་ཕིང་གིས་བསྟན་དོན། རིག་རྩལ་ལས་དོན་པར་གྲུབ་འབྲས་ཐོབ་པ་བྱེད་པར་ངེས་པར་དུ་རང་རྟོགས་ངང་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྒྲིལ་བཅས་བྱས་ནས་མི་དམངས་ཀྱི་སྤྲོ་སྣང་དེ་རང་ཉིད་ཀྱི་སྤྲོ་སྣང་ལྟ་བུ་དང་མི་དམངས་ཀྱི་སེམས་ཁྲལ་དེ་རང་ཉིད་ཀྱི་སེམས་ཁྲལ་ལྟ་བུར་བརྩིས་ནས་མི་དམངས་ལ་ཞབས་ཞུ་བ་ཡག་པོ་བྱེད་དགོས། མི་དམངས་ལ་ཟོལ་མེད་ཀྱི་དགའ་ཞེན་དང་། མཐའ་གཅིག་ཏུ་དགའ་ཞེན། ཡུན་རིང་དགའ་ཞེན་བཅས་བྱེད་པར་མི་དམངས་ནི་ལོ་རྒྱུས་ཀྱི་གསར་གཏོད་པ་ཡིན་པའི་གནས་ལུགས་དེ་གང་ལེགས་རྟོགས་ཐུབ་པ་བྱེད་པ་དང་། མང་ཚོགས་དང་འཚོ་བའི་ཁྲོད་བསྐྱོད་དེ་ལྷག་བསམ་ཟོལ་མེད་ངང་མི་དམངས་ཀྱི་སློབ་མ་བྱེད་དགོས། སྒྱུ་རྩལ་ལས་བསམ་བློའི་འཆར་སྒོ་ཡངས་པོ་ཕྱེ་ཐུབ་ཀྱང་ངེས་པར་དུ་ས་གཞི་ཆེ་མོར་གཞི་བརྟན་པོ་འཛུགས་དགོས། རིག་རྩལ་གསར་རྩོམ་བྱེད་ཐབས་བརྒྱ་དང་སྟོང་ཕྲག་ཡོད་ཀྱང་ཆེས་གཞི་རྩ་དང་། ཆེས་འགག་རྩ། ཆེས་བརྟན་ཤོས་བཅས་ཀྱི་བྱེད་ཐབས་ནི་མི་དམངས་ཁྲོད་གཞི་ཚུགས་པ་དང་འཚོ་བར་གཞི་ཚུགས་དགོས་པ་དེ་རེད། དངོས་ཡོད་རིང་ལུགས་ཀྱི་སྙིང་སྟོབས་དང་འཆར་ཡན་རིང་ལུགས་ཀྱི་སྤྲོ་སེམས་ཐོག་ནས་དངོས་ཡོད་འཚོ་བ་དང་དཔྱད་བསྡུར་བྱས་ཏེ་འོད་སྣང་ལ་བརྟེན་ནས་མུན་ནག་སེལ་བ་དང་བདེན་ལེགས་མཛེས་གསུམ་ལ་བརྟེན་ནས་རྫུན་ངན་སྐྱུག་བྲོ་གསུམ་ལས་རྣམ་པར་རྒྱལ་ཏེ་མི་རྣམས་ཀྱིས་མཛེས་སྡུག་དང་རེ་བ་མཐོང་ཐུབ་པ་བྱེད་དགོས་ལ་ཕུགས་བསམ་ཡང་མཐོང་ཐུབ་པ་བྱེད་དགོས།
    ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། བརྩམས་ཆོས་ཡག་པོ་ཞིག་ཡིན་ཚེ་སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་འཇོག་པ་དང་དུས་མཚུངས་སྤྱི་ཚོགས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་གཅིག་གྱུར་ཡོང་བ་བྱེད་པའི་བརྩམས་ཆོས་ཤིག་ཀྱང་ཡིན་དགོས། རིག་རྩལ་དེ་ཁྲོམ་རའི་བྲན་གཡོག་བྱེད་མི་རུང་ལ་དངུལ་གྱི་དྲི་མས་མ་འགོས་པ་བྱེད་དགོས། ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་ཤིག་ཡིན་ཚེ་ཡག་ཤོས་བྱུང་ན་བསམ་བློ་དང་སྒྱུ་རྩལ་གཉིས་ཀར་གྲུབ་འབྲས་ཐོབ་པ་མ་ཟད་ཁྲོམ་རའི་ནང་དགའ་བསུ་ཐོབ་པའང་བྱེད་དགོས།
    ཞིས་ཅིན་ཕིང་གིས་བསྟན་དོན། དུས་རབས་རེར་དུས་རབས་དེའི་སྙིང་སྟོབས་ལྡན་ཡོད།རིག་རྩལ་ནི་བླ་སྲོག་གཏོད་པའི་འདུ་འགོད་ཅིག་ཡིན་པ་དང་། རིག་རྩལ་ལས་དོན་པ་ནི་བླ་སྲོག་གི་བཟོ་བཀོད་ཆེ་མོ་བ་རེད།རིག་རྩམ་བརྩམས་ཆོས་ཡག་པོ་ཞིག་ནི་དགུང་སྔོན་དབྱིངས་ཀྱི་ཉི་འོད་དང་དཔྱིད་དུས་ཀྱི་བསིལ་རླུང་དང་འདྲ་བར་བསམ་བློའི་བློ་སྒོ་ཕྱེ་བ་དང་། བསམ་བློར་དྲོ་སྐྱིད་ཚོར་བ།མི་ཚེར་ཤུགས་རྐྱེན་བཟང་པོ་ཐེབས་པ་བཅས་ཐུབ་པ་མ་ཟད་ཉམས་རྒུད་དང་ཉབ་ཉོབ་ཀྱི་སྤྱོད་ཚུལ་མེད་པ་བཟོ་ཐུབ་པ་བྱེད་དགོས།རྒྱ་ཆེའི་རིག་རྩལ་ལས་དོན་པས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་དར་ཆ་མཐོན་པོར་བསྒྲེངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་གསོན་ཉམས་ལྡན་ལ་འཁྲུག་ཆ་དོད་པ་དང་། མངོན་སུམ་གསོན་རྗེན་དུ་རིག་རྩལ་གསར་རྩོམ་ནང་མཚོན་པར་བྱེད་པ་དང་ཇི་མ་ཇི་བཞིན་གྱི་བརྩམས་ཆོས་ཀྱི་གཟུགས་བརྙན་ཐོག་ནས་མི་རྣམས་ལ་གང་ཞིག་ཁས་ལེན་དང་བསྔགས་བརྗོད་བྱེད་འོས་པ་དང་གང་ཞིག་ངེས་པར་དུ་ངོ་རྒོལ་བྱེད་འོས་པ་གསལ་བཤད་བྱས་ནས་བཀའ་བཟང་གསོས་སུ་སྨིན་པ་བྱེད་དགོས། རྒྱལ་གཅེས་རིང་ལུགས་དེ་རིག་རྩལ་གསར་རྩོམ་གྱི་བརྗོད་དོན་གཙོ་བོར་བརྩིས་ཏེ་མི་དམངས་ཀྱིས་ལོ་རྒྱུས་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ།རྒྱལ་ཁབ་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་ཡང་དག་འཛུགས་པ་དང་མཐའ་འཁྱོངས་བྱེད་པ་དང་ཀྲུང་གོ་བ་ཞིག་བྱེད་པའི་ལ་རྒྱ་དང་གཏིང་ཤུགས་ཆེ་རུ་གཏོང་བའི་སྣེ་ཁྲིད་བྱེད་དགོས།
    ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན།བདེན་ལེགས་མཛེས་གསུམ་དོན་གཉེར་བྱ་རྒྱུ་དེ་ནམ་ཡང་རིག་རྩལ་གྱི་རིན་ཐང་ཞིག་རེད། སྒྱུ་རྩལ་གྱི་འཁྱེར་སོ་ཡག་ཤོས་ནི་མི་རྣམས་ལ་སེམས་འགུལ་ཐེབས་པ་དང་མི་རྣམས་ཀྱི་བླ་སྲོག་ཉམས་སད་ཐེབས་ཐུབ་པ་བྱས་ནས་མི་རྣམས་ཀྱིས་རང་བཞིན་གྱི་མཛེས་སྡུག་དང་། འཚོ་བའི་མཛེས་སྡུགསེམས་ཁམས་ཀྱི་མཛེས་སྡུག་བཅས་ཤེས་རྟོགས་ཐུབ་པ་བྱེད་དགོས་པ་དེ་རེད། ང་ཚོས་རིག་རྩལ་བརྩམས་ཆོས་བརྒྱུད་བདེན་ལེགས་མཛེས་གསུམ་བརྒྱུད་སྤྲོད་བྱེད་པ་དང་ལེགས་ལམ་དོན་གཉེར་བྱེད་པའི་རིན་ཐང་ལྟ་བ་བརྒྱུད་སྤྲོད་བྱས་ནས་མི་རྣམས་ཀྱིས་ཀུན་སྤྱོད་ཀྱི་དཔྱད་དཔོག་ནུས་པ་དང་ཀུན་སྤྱོད་ཀྱི་གཟི་བརྗིད་ཚོར་སྣང་ཆེ་རུ་བཏང་ནས་ཀུན་སྤྱོད་ལ་སྣང་ཆེན་དང་། ཀུན་སྤྱོད་ལ་བརྩི་འཇོགཀུན་སྤྱོད་ལ་བརྩི་སྲུང་བཅས་ཀྱི་འཚོ་བར་ཡིད་སྨོན་དང་དོན་གཉེར་བྱེད་པར་སྣེ་ཁྲིད་བྱེད་དགོས།ཀྲུང་ཧྭ་མི་རིགས་ཀྱིས་མི་རབས་ནས་མི་རབས་བར་བདེན་ལེགས་མཛེས་གསུམ་ཀྱི་ཀུན་སྤྱོད་ཀྱི་སེམས་ཁམས་ཤིག་དོན་གཉེར་བྱས་ཚེ་ང་ཚོའི་མི་རིགས་ནམ་ཡང་སྐྱོན་བྲལ་ངང་མདུན་སྐྱོད་ཐུབ་ལ་ནམ་ཡང་རེ་བས་ཁེངས་སྲིད།
    ཞིས་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་སྲོག་རྩ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་བྱེད་པའི་འབྱུང་ཁུངས་གལ་ཆེན་ཞིག་ཡིན་ལ་ང་ཚོས་འཛམ་གླིང་རིག་གནས་ཀྱི་འཕོ་འགྱུར་ཁྲོད་བརྟན་པོ་ལངས་ཐུབ་པའི་རྨང་གཞི་བརྟན་པོ་ཞིག་ཀྱང་རེད། དུས་རབས་ཀྱི་ཆ་རྐྱེན་གསར་པ་དང་ཟུང་འབྲེལ་བྱས་ནས་ཀྲུང་གོའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་ཀྲུང་ཧྭའི་མཛེས་རིག་གི་སྙིང་སྟོབས་རྒྱུན་འཛིན་བྱེད་པ་དང་དར་སྤེལ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་གཏོང་བར་ངེས་པར་དུ་ང་ཚོས་འཛམ་གླིང་གི་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་གསར་གཏོད་བྱས་པའི་ཕུལ་བྱུང་རིག་རྩལ་སློབ་སྦྱོང་ནན་ཏན་བྱེད་པ་དང་དཔྱད་གཞིར་འཛིན་དགོས། ཕྱི་བཟང་ཀྲུང་སྤྱོད་དང་གསར་འབྱེད་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་རྣམ་པ་ཤན་སྦྱར་དང་མཐའ་གསལ་མཐིལ་རྟོགས་བྱས་ཚེ་རང་རྒྱལ་གྱི་རིག་རྩལ་གཞི་ནས་སྔར་བས་དར་རྒྱས་གོང་འཕེལ་འགྲོ་ཐུབ།
    ཞིས་ཅིན་ཕིང་གིས་རིམ་ཁག་ཏང་ཨུད་ཀྱིས་རིག་རྩལ་ལས་དོན་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་ནས་ཏང་གི་རིག་རྩལ་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་ཡག་པོ་བྱེད་པ་དང་རིག་རྩལ་འཕེལ་རྒྱས་གཏོང་བའི་ལམ་བུ་ཡང་དག་སྟངས་འཛིན་བྱེད་དགོས། རིག་རྩལ་ཚན་པའི་འགོ་ཁྲིད་ཚན་ཁག་འདེམས་བསྐོ་ཡག་པོ་བྱེད་པ་དང་སྟོབས་ཆེར་བཏང་ནས་སྤྱོད་ཡོན་གཉིས་ལྡན་དང་རིག་རྩལ་ལས་དོན་པ་དང་གཅིག་འདྲེས་ཐུབ་པའི་ལས་བྱེད་པ་རྣམས་རིག་རྩལ་ལས་དོན་གྱི་འགོ་ཁྲིད་ལ་བསྐོ་གཞག་བྱེད་དགོས། རིག་རྩལ་ལས་དོན་པའི་གསར་རྩོམ་གྱི་རང་གཤིས་དང་གསར་གཏོད་རང་བཞིན་གྱི་ངལ་རྩོལ་ལ་བརྩི་འཇོག་བྱས་ཏེ་ཆབ་སྲིད་ཐོག་ཡིད་ཆེས་གང་ལེགས་དང་གསར་རྩོམ་ཐོག་སེམས་རྩ་འཁོལ་པོས་རྒྱབ་སྐྱོར་བྱས་ནས་རིག་རྩལ་གསར་རྩོམ་ལ་ཕན་པ་ཡོད་པའི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་།སྲིད་ཇུས་འཐུས་ཚང་དུ་གཏོང་བ།ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བརྒྱུད་སྤུས་ལེགས་བརྩམས་ཆོས་དང་ཤེས་ལྡན་མི་སྣ་རྒྱུན་ཆད་མེད་པར་ཐོན་པའི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་པ་བྱེད་དགོས། རིག་རྩལ་དཔྱད་མོལ་ལས་དོན་ལ་ཚད་མཐོའི་སྣང་ཆེན་བྱེད་པ་དང་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ལོ་རྒྱུས་དང་། མི་དམངས། སྒྱུ་རྩལ། མཛེས་རིག་བཅས་ཀྱི་ལྟ་ཚུལ་ཐོག་ནས་བརྩམས་ཆོས་ལ་ཤན་འབྱེད་དང་ལོངས་སྤྱོད་བྱེད་པ་དང་། སྐད་ཆ་དྲང་པོ་ཤོད་པ་དང་བདེན་དོན་ལ་སྣང་ཆེན་བྱ་རྒྱུ་དར་སྤེལ་བཏང་སྟེ་རིག་རྩལ་སྐྱོན་བརྗོད་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།