འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ལི་ཁེ་ཆང་གིས་འཇར་མན་ལ་དངོས་གཞིའི་འཚམས་འདྲི་གནང་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་10ཉིན། 08:36】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ལི་ཁེ་ཆང་གིས་འཇར་མན་ལ་དངོས་གཞིའི་འཚམས་འདྲི་གནང་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། འཇར་མན་རྒྱལ་ཁབ་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་མའོ་ཁོའར་གྱིས་གདན་ཞུས་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ས་གནས་དེ་གའི་དུས་ཚོད་ཟླ་༡༠ཚེས་༩ཉིན་གྱི་ཕྱི་དྲོར། ཆེད་སྤྱོད་གནམ་གྲུར་བཞུགས་ནས་འཇར་མན་གྱི་རྒྱལ་ས་པའོ་ལེན་གྲོང་ཁྱེར་གྱི་ཐའེ་ཀོའར་དམག་སྤྱོད་གནམ་གྲུ་ཐང་དུ་འབྱོར་ཏེ་འཇར་མན་ལ་དངོས་གཞིའི་འཚམས་འདྲི་གནང་འགོ་ཚུགས་པ་རེད།
         ལི་ཁེ་ཆང་གིས་འདི་ལོའི་ཟླ་༣པའི་ནང་ཀྲུང་འཇར་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བཙུགས་པས། མིག་སྔར་རྒྱལ་ཁབ་གཉིས་ཀྱི་རིམ་པ་སོ་སོའི་བར་ཕན་ཚུན་འབྲེལ་འདྲིས་དང་མཉམ་ལས་གཏིང་ཟབ་བྱེད་ཤུགས་དེ་སྔོན་དང་བསྡུར་ན་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད། བདག་གིས་ཀྲུང་འཇར་བར་གྱི་འབྲེལ་བ་དང་ཐུན་མོང་ཐོག་དོན་ཁུར་བྱེད་བཞིན་པའི་གནད་དོན་ཐད་འཇར་མན་གྱི་འགོ་ཁྲིད་དང་གྲོས་མོལ་བྱས་ཏེ། འཐབ་ཇུས་ཡིད་རྟོན་དང་། ཁྱབ་ཁོངས་སོ་སོའི་བར་ཡུན་རིང་མཉམ་ལས། དམངས་ཁྲོད་མཛའ་བཤེས་ཇེ་ཟབ་ཏུ་བཏང་སྟེ་ཀྲུང་འཇར་བར་གྱི་འབྲེལ་བ་དེ་ཉིད་ཚད་རིམ་མཐོ་པོའི་སྟེང་གྲུབ་འབྲས་གསར་པ་ལེན་རྒྱུར་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས།
         ལི་ཁེ་ཆང་གིས་འཇར་མན་དུ་འཚམས་འདྲི་གནང་སྐབས་འཇར་མན་གྱི་ཙུང་ཐུང་ཀའོ་ཁེ་ལ་མཇལ་འཕྲད་གནང་རྒྱུ་འབྲེལ་འཇར་མན་གྱི་ཙུང་ལི་མའོ་ཁོའར་དང་མཉམ་དུ་ཀྲུང་འཇར་སྲིད་གཞུང་གྲོས་མོལ་སྐོར་ཐེངས་གསུམ་པར་གཙོ་སྐྱོང་གནང་རྒྱུ་མ་ཟད། ད་དུང་ཀྲུང་འཇར་དཔལ་འབྱོར་ལག་རྩལ་མཉམ་ལས་ཀྱི་གླེང་སྟེགས་དང་ཀྲུང་ཡོ་གླེང་སྟེགས་ཧན་པའོ་དབུ་ཚོགས་སུ་ཞུགས་ཏེ་གསུང་བཤད་གནང་རྒྱུ་ཡིན་པ་རེད་དོ། །
      

    ཕྱོགས་བསྡུས་གསར་འགྱུར།