འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་22ཉིན།

༄༅།།རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ།

——2020ལོའི་ཟླ་5ཚེས་25ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། ལི་ཀྲན་ཧྲུའུ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་11ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     གཉིས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཡོད།
     ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་རྩེ་གཅིག་ཏུ་དམིགས་ཤིང་། གསར་འཛུགས་དག་བཅོས་དོར་བ་འགྲེལ་བཤད་བཞིའི་ལས་དོན་མཉམ་དུ་སྤེལ་རྒྱུ་རྒྱུན་འཁྱོངས་དང་། སྤུས་ཚད་དང་ལས་ཆོད་གལ་ཆེ་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས། ཁྱབ་ཁོངས་གལ་ཆེན་དུ་ཁྲིམས་འཛུགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཚན་རིག་དང་མཐུན་པར་ཁྲིམས་འཛུགས་པ་དང་། དམངས་གཙོའི་སྒོ་ནས་ཁྲིམས་འཛུགས་པ། ཁྲིམས་ལྟར་ཁྲིམས་འཛུགས་པ་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད།
      ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པར་གཞོགས་འདེགས་དང་སྐུལ་འདེད་བཏང་ནས་སྒྱུར་བཅོས་གལ་ཆེན་ལ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པའི་འགན་ལེན་ཏན་ཏིག་བྱས་ཡོད། ཕྱི་ཚོང་དངུལ་འཇོག་སྐོར་གྱི་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་རྗེས། ཨར་ལས་སྐོར་གྱི་བཅའ་ཁྲིམས་དང་། མེ་གསོད་མེ་འགོག་སྐོར་གྱི་བཅའ་ཁྲིམས། གློག་རྡུལ་མིང་འགོད་སྐོར་གྱི་བཅའ་ཁྲིམས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་བཟོ་འགོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས། འཁོར་ལོའི་རིགས་དང་གྲུ་གཟིངས་ཀྱི་དཔྱ་ཁྲལ་སྐོར་གྱི་བཅའ་ཁྲིམས། ཚོང་རྟགས་སྐོར་གྱི་བཅའ་ཁྲིམས། ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས། སྲིད་འཛིན་བཀའ་འཁྲོལ་སྐོར་གྱི་བཅའ་ཁྲིམས་བཅས་ལ་སྡེབ་གཅིག་ཏུ་བཟོ་བཅོས་བརྒྱབ་ནས་འབྲེལ་ཡོད་བཅའ་ཁྲིམས་འབྲེལ་མཐུད་ཐུབ་པ་བྱས་ཡོད། སྤུན་ཟླ་ཐའེ་ཝན་པས་མ་དངུལ་འཇོག་པར་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་ནས་སྒྱུར་བཅོས་གྲུབ་འབྲས་ཀྱིས་དུས་མཉམ་དུ་སྤུན་ཟླ་ཐའེ་ཝན་པར་ཕན་པ་སྐྲུན་ཐུབ་པའི་འགན་ལེན་ཏན་ཏིག་བྱས་ཡོད། གྲོང་ཁྱེར་སྲུང་སྐྱོང་འཛུགས་སྐྲུན་བྱེད་པའི་དཔྱ་ཁྲལ་སྐོར་གྱི་བཅའ་ཁྲིམས་དང་། གན་རྒྱའི་དཔྱ་ཁྲལ་སྐོར་གྱི་བཅའ་ཁྲིམས། ཕྱིར་གཏོང་བཀག་སྡོམ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ཀྱི་མ་ཟིན་བཅས་ལ་གྲོས་ཞིབ་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་དུ་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་གནས་སྐབས་ལེགས་སྒྲིག་དང་བེད་སྤྱོད་བྱ་རྒྱུའི་དབང་བསྐུར་བའི་སྐོར་གྱི་ཆོད་དོན་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་ལ་ཧེང་ཆིན་འགག་སྒོའི་ཨའོ་མོན་ཕྱོགས་ཀྱི་འགག་སྒོའི་ཁུལ་དང་འབྲེལ་ཡོད་སྣུར་སྲིང་ཁུལ་དུ་བདག་སྐྱོང་ལག་བསྟར་བྱ་རྒྱུའི་དབང་བསྐུར་བའི་སྐོར་གྱི་ཆོད་དོན་བཟོས་ཏེ། དུས་རབས་དང་སྒྱུར་བཅོས་ཀྱི་ཁྲིམས་སྐྱོང་དགོས་མཁོར་ཨ་ལན་བསློགས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཧའེ་ནན་རང་མོས་ཉོ་ཚོང་ཁུལ་དུ་ས་ཆ་དོ་དམ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་དང་། ས་བོན་སྐོར་གྱི་བཅའ་ཁྲིམས། མཚོ་ཐོག་ཚོང་དོན་སྐོར་གྱི་བཅའ་ཁྲིམས་བཅས་ཀྱི་འབྲེལ་ཡོད་གཏན་འབེབས་གནས་སྐབས་ལེགས་སྒྲིག་དང་སྤྱད་འཐུས་པའི་དབང་བསྐུར་བ་དང་། ཧའེ་ནན་དུ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་པར་རྒྱབ་སྐྱོར་བྱས་ཡོད། དངུལ་འཛིན་སྐོར་གྱི་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་པར་གྲོས་ཞིབ་རིམ་པ་བཞི་བརྒྱུད་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། མ་དངུལ་འཇོག་མཁན་གྱི་ཁེ་དབང་སྲུང་སྐྱོང་བྱེད་པ། ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པའི་ཁྲིམས་འཛུགས་ཁ་ཕྱོགས་བརྟན་སྲུང་བྱས་ནས་ཐོ་འགོད་ལམ་ལུགས་སོགས་སྒྱུར་བཅོས་ཀྱི་གྲུབ་འབྲས་གཏན་འཁེལ་བྱས་ཏེ་མ་རྩའི་ཁྲོམ་ར་སྒྱུར་བཅོས་གཏོང་བ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱས་ཡོད།
     འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱས་ཏེ་སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ཐོན་ཁུངས་དཔྱ་ཁྲལ་སྐོར་གྱི་བཅའ་ཁྲིམས་བཟོས་པ་དང་། སྲ་གཟུགས་ཟོག་རོས་ཁོར་ཡུག་བཙོག་པས་སྦགས་ཚུལ་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་དང་ནགས་ཚལ་སྐོར་གྱི་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་སྟེ། སྐྱེ་ཁམས་སྲུང་སྐྱོང་དམིགས་བསལ་དུ་འཛིན་པ་དང་། ལྗང་མདོག་འཕེལ་རྒྱས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བཅས་ཀྱི་འདུ་ཤེས་ཚད་ཐིག་མང་པོ་དང་རིམ་པ་མང་པོའི་ལམ་ནས་ཁྲིམས་འཛུགས་ནང་འདྲེས་པར་བྱས་ཡོད། འབྲི་ཆུ་སྲུང་སྐྱོང་སྐོར་གྱི་བཅའ་ཁྲིམས་ཀྱི་མ་ཟིན་འཆར་ཟིན་དུ་བཀོད་ཅིང་གྲོས་ཞིབ་བྱས་ནས་“སྲུང་སྐྱོང་ཆེན་པོ་མཉམ་དུ་དམ་འཛིན་དང་གསར་སྤེལ་ཆེན་པོ་མི་བྱེད་པའི་”འདུ་ཤེས་ལག་ལེན་མཐར་ཕྱིན་བྱས་ཏེ། བཅའ་ཁྲིམས་ཀྱི་མཚོན་ཆ་དང་ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་མ་ཡུམ་གཙང་པོ་འབྲི་ཆུ་སྲུང་སྐྱོང་བྱས་ཡོད། རྩོམ་གྱི་བདག་དབང་སྐོར་གྱི་བཅའ་ཁྲིམས་ཀྱི་དག་བཅོས་མ་ཟིན་ལ་གྲོས་ཞིབ་བྱས་ནས་དབང་གནོད་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་བ་དང་། ཤེས་བྱའི་ཐོན་དངོས་བདག་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། ས་ཆ་དོ་དམ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་དང་གྲོང་ཁྱེར་གྱི་ས་ཁང་བདག་ཁོངས་དོ་དམ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་པ་དང་། ཞིང་པའི་ཁེ་ཕན་སྣོན་ཐབས་ཁོ་ན་ལས་འཕྲི་རྩིས་མི་བྱེད་པའི་མཐའ་ཚད་ལངས་ཕྱོགས་དང་བཅའ་ཁྲིམས་བཟོ་བཅོས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ས་ཞིང་ཐོན་ཁུངས་གང་འགབ་ཅི་སྤྱོད་དང་། ཞིང་པའི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་འཕར་སྣོན་ཡོང་བ། རྨོ་ཞིང་སྲུང་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་པ།  གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད།
     མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དེ་འབད་འཐབ་དམིགས་འབེན་དུ་བཟུང་ནས་དམངས་འཚོའི་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་མགྱོགས་སུ་བཏང་ཡོད། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་དང་བདེ་ཐང་སྐུལ་སྤེལ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་བཟོས་ཏེ། མི་དམངས་ཀྱི་བདེ་ཐང་ཕྱོགས་མཐའ་ཀུན་དང་དུས་འཁོར་ཀུན་ཏུ་སྲུང་སྐྱོང་བྱེད་པར་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད། སྨན་རྫས་དོ་དམ་སྐོར་གྱི་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་ནས་མི་དམངས་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་སྨན་རྫུན་མ་དང་། སྨན་སྤུས་ཞན། སྨན་གོང་མཐོ་བ། སྨན་རྫས་དཀོན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ཡོད། འགོག་སྨན་དོ་དམ་སྐོར་གྱི་བཅའ་ཁྲིམས་བཟོས་ནས་འགོག་སྨན་ཞིབ་འཇུག་གསར་སྤེལ་དང་། ཐོན་སྐྱེད། འཁོར་རྒྱུག  འགོག་ཁབ་རྒྱག་པ་བཅས་ཀྱི་ཐད་“བདེ་འཇགས་ཀྱི་སྒོ་ལྕགས་”ཤིག་བསྣན་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱི་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ཉམས་མྱོང་ཕྱོགས་སྡོམ་དང་། སྤྱི་པའི་འཕྲོད་བསྟེན་གྱི་ཁྲིམས་སྐྱོང་འགན་སྲུང་མ་ལག་ལ་ཤུགས་སྣོན་རྒྱག་པའི་བླང་བྱ་ལྟར། ཆེད་དོན་ཁྲིམས་འཛུགས་དང་བཅའ་ཁྲིམས་བཟོ་བཅོས་ཀྱི་འཆར་གཞི་བཟོས་ནས་ལག་བསྟར་བྱས་པ་དང་། ལས་ཀའི་ཆེད་དོན་འཛིན་གྲྭ་བཙུགས་ཏེ་ཁྲིམས་འཛུགས་ཁྲིམས་བཅོས་ཀྱི་རྣམ་གྲངས་30ལ་གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་བྱས་ནས་ལོ་1ནས་2བར་གྱི་དུས་ཚོད་ནང་ཁྲིམས་འཛུགས་ཀྱི་ལས་འགན་མང་ཆེ་བ་ལེགས་འགྲུབ་ཡོང་བའི་བརྩོན་ལེན་བྱས་ཡོད། སྲོག་ཆགས་ཀྱི་རིམས་འགོག་སྐོར་གྱི་བཅའ་ཁྲིམས་ཀྱི་བཟོ་བཅོས་མ་ཟིན་ལ་གྲོས་ཞིབ་བྱས་ནས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་རིམས་ནད་ཀྱི་གནས་ཚུལ་ལ་ལྟ་ཞིབ་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ཡོད། སྐྱེ་དངོས་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་ཀྱི་མ་ཟིན་འཆར་ཟིན་དུ་བཀོད་ཅིང་གྲོས་ཞིབ་བྱས་ཏེ། སྐྱེ་དངོས་ཀྱི་ཉེན་ཁ་སྔོན་འགོག་དང་། སྐྱེ་དངོས་ལག་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་མ་ལག་འདེགས་སྐྱོར་བཅས་བྱེད་པའི་བཅའ་ཁྲིམས་ཤིག་ཧུར་ཐག་གིས་བཟོས་ཡོད།
     རྒྱལ་ཁབ་ཀྱི་ལམ་ལུགས་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པར་དམིགས་ནས་ལྟ་ཞིབ་དང་ཁྲིམས་འཛིན། སྤྱི་ཚོགས་བཅོས་སྐྱོང་། རྒྱལ་ཁབ་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་བརྒྱབ་ཡོད། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ལྟ་ཞིབ་ཁྲིམས་སྲོལ་གཏན་འབེབས་བྱེད་པའི་སྐོར་གྱི་ཆོད་དོན་བཟོས་པ་དང་། གཞུང་ལས་མི་སྣར་སྲིད་དོན་གྱི་ཆད་པ་གཅོད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ཀྱི་མ་ཟིན་ལ་གྲོས་ཞིབ་བྱས་ཡོད། སྡེ་ཁུལ་ཡོ་བསྲང་སྐོར་གྱི་བཅའ་ཁྲིམས་བཟོས་པ་དང་། ལོ་ན་མ་སོན་པའི་སྐྱེ་བོ་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་དང་། ལོ་ན་མ་སོན་པའི་སྐྱེ་བོས་བྱས་ཉེས་གསོག་རིགས་སྔོན་འགོག་བྱ་རྒྱུའི་སྐོར་གྱི་བཅའ་ཁྲིམས་ཀྱི་དག་བཅོས་མ་ཟིན་ལ་གྲོས་ཞིབ་བྱས་པ། དོ་དམ་སློབ་གསོའི་སྐོར་གྱི་བཅའ་ཁྲིམས་ཀྱི་གཏན་འབེབས་དང་ལམ་ལུགས་མེད་པར་བཟོ་རྒྱུའི་སྐོར་གྱི་ཆོད་དོན་བཟོས་ཏེ། དུས་རབས་གསར་པའི་སྤྱི་ཚོགས་བཅོས་སྐྱོང་གི་བླང་བྱ་དང་སྔར་ལས་ལེགས་པར་འཚམ་པར་བྱས་ཡོད། ཁྲིམས་དཔོན་སྐོར་གྱི་བཅའ་ཁྲིམས་དང་ཞིབ་དཔྱོད་དཔོན་སྐོར་གྱི་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་སྟེ། དམངས་དོན་གཏུག་བཤེར་གྱི་གོ་རིམ་རྙོག་དྲ་ཅན་དང་སྟབས་བདེ་ཅན་ཁག་བགོས་སྒྱུར་བཅོས་ཚོད་ལྟའི་ལས་དོན་སྤེལ་བའི་དབང་ཆ་བསྐུར་རྒྱུའི་ཐད་ཀྱི་ཆོད་དོན་བཟོས་པ་དང་། ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་ཡོད། གསང་ཨང་སྐོར་གྱི་བཅའ་ཁྲིམས་བཟོས་པ་དང་། ཡིག་ཚགས་སྐོར་གྱི་བཅའ་ཁྲིམས་ཀྱི་དག་བཅོས་མ་ཟིན་ལ་གྲོས་ཞིབ་བྱས་ནས་འབྲེལ་ཡོད་ཁྱབ་ཁོངས་བཅོས་སྐྱོང་གི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་བཏང་ཡོད།
     ད་ཐེངས་ཀྱི་ཚོགས་ཆེན་ཐོག་གྲོས་ཞིབ་བྱེད་པའི་དམངས་དོན་ཁྲིམས་གཞུང་གི་མ་ཟིན་སྤྲད་པ་ནི་རང་རྒྱལ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན། སྐབས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྐབས་གོང་མའི་ལས་དོན་གྱི་རྨང་གཞིའི་ཐོག་དམངས་དོན་ཁྲིམས་གཞུང་གི་རྩོམ་སྒྲིག་ལས་དོན་སྐུལ་འདེད་མགྱོགས་སུ་བཏང་ཞིང་། 2018ལོའི་ཟླ་8པར་ནང་གསེས་ལེ་ཚན་གྱི་མ་ཟིན་ཁག་ལ་སྤྱི་ཡོངས་ནས་གྲོས་ཞིབ་བྱས་པ་དང་། དེ་རྗེས་སྡེ་ཚན་བགོས་ནས་ཐེངས་མང་པོར་གྲོས་ཞིབ་བྱས་པ་མ་ཟད། དམངས་དོན་ཁྲིམས་གཞུང་གི་མ་ཟིན་ཆ་ཚང་ལ་གྲོས་ཞིབ་བྱས་ཡོད་པ་དང་།  སྔ་རྗེས་སུ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་ཐེངས་7བྱས་ཏེ། ཕྱོགས་གང་ཅིའི་ཐད་ཀྱི་བསམ་འཆར་ཁྲི་90ལྷག་ཙམ་བསྡུ་ལེན་བྱས་ཡོད། བཟོ་བཅོས་དང་ཞིབ་ལས་ཡང་ཡང་བྱས་པ་བརྒྱུད། མིག་སྔར་ཁྱོན་ལེ་ཚན་7དང་དོན་ཚན་1260ཅན་གྱི་དམངས་དོན་ཁྲིམས་གཞུང་གི་མ་ཟིན་གྲུབ་ཡོད། འཐུས་མི་ཡོངས་ཀྱིས་གྲོས་ཞིབ་ནན་ཏན་བྱས་པ་བརྒྱུད་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་། དུས་རབས་ཀྱི་སྙིང་སྟོབས་མངོན་པ། མི་དམངས་ཀྱི་འདོད་བློ་མཚོན་པ། དམངས་དོན་གྱི་ཁེ་དབང་ལ་འགན་སྲུང་བྱེད་པ། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་དམངས་དོན་ཁྲིམས་གཞུང་ཞིག་བཟོ་ཐུབ་ངེས་ཡིན་པར་ཡིད་ཆེས་ཡོད།
     འདས་ཟིན་པའི་ལོ་གཅིག་ལྷག་རིང་གི་ཁྲིམས་འཛུགས་ལས་དོན་གྱིས་ང་ཚོར་བློ་སྒོ་གལ་ཆེན་ཕྱེ་ཡོད་པ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། ཁྲིམས་འཛུགས་ལས་དོན་དེ་ངེས་པར་དུ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་བླང་བྱ་གསར་པ་དང་འཚམ་དགོས་ཤིང་།  མི་དམངས་ལྟེ་བར་འཛིན་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་འདོད་བློ་དེ་ཁྲིམས་བཀོད་གོ་རིམ་བརྒྱུད་རྒྱལ་ཁབ་ཀྱི་འདོད་བློ་རུ་འགྱུར་བར་འགན་ལེན་ཏན་ཏིག་བྱེད་པ་དང་། སྒྱུར་བཅོས་སྒོ་འབྱེད་ཀྱི་ཉམས་མྱོང་གསར་པ་དང་གྲུབ་འབྲས་གསར་པ་དུས་ཐོག་ཏུ་མཚོན་པ། ཁྲིམས་འཛུགས་ཐབས་ཇུས་དང་སྒྱུར་བཅོས་ཐབས་ཇུས་ཕན་ཚུན་འབྲེལ་མཐུད་དང་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས། བཅའ་ཁྲིམས་ཀྱི་དུས་ཐོག་རང་བཞིན་དང་། རྒྱུད་ཁོངས་རང་བཞིན། དམིགས་གཏད་རང་བཞིན། ནུས་ལྡན་རང་བཞིན་བཅས་ཆེ་རུ་བཏང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་དགོས་པ་བཅས་རེད།
     གསུམ། ཁྲིམས་བཀོད་འགན་འཁྲི་ལྟར་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལས་འགན་གལ་ཆེན་ལ་དམིགས་ནས་ལྟ་སྐུལ་ལས་དོན་སྐུལ་སྤེལ་བཏང་ཡོད།
     ལྟ་སྐུལ་ཡང་དག་པ་དང་ལྟ་སྐུལ་ནུས་ལྡན་བྱ་རྒྱུ་རྒྱུན་འཁྱོངས་དང་། སྲིད་འཛིན་དབང་ཆ་དང་། ལྟ་ཞིབ་དབང་ཆ། འདྲི་གཅོད་དབང་ཆ། ཞིབ་དཔྱོད་དབང་ཆ་བཅས་ཁྲིམས་ལྟར་ཡང་དག་པར་སྤྱོད་པར་དམིགས་ཤིང་། མི་སེར་གྱིས་སེམས་ཁྲལ་ཆེན་པོ་བྱེད་པའི་དོན་དག་ཛ་དྲག་ཅན་དང་སྒྲུབ་དཀའ་བའི་དོན་དག་ལ་དོ་སྣང་བྱས་ཏེ། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་དྲང་སྙོམས་ངང་མི་དམངས་ཡོངས་ལ་ཕན་དུ་བཅུག་ཡོད་པ་དང་། དཔལ་འབྱོར་སྤྱི་ཚོགས་གོང་དུ་སྤེལ་བ་དང་སྒྱུར་བཅོས་འགག་སྒྲོལ་གྱི་ལས་འགན་ལ་སྔར་ལས་ལྷག་པའི་རོགས་རམ་བྱས་ཡོད།
      ཁྲིམས་ལྟར་འཆར་གཞི་དང་སྔོན་རྩིས་ལ་ལྟ་སྐུལ་བྱེད་པའི་ལས་དོན་སྤེལ་ཡོད། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཚུལ་དང་སྔོན་རྩིས་ལག་བསྟར་བྱས་ཚུལ་གྱི་སྙན་ཞུར་ཉན་འཇོག་དང་གྲོས་ཞིབ་བྱས་པ་དང་། དམིགས་ཚད་གཙོ་བོ་དང་། གཙོ་གནད་ལས་འགན། མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་སོགས་ལ་དམིགས་ནས་བསམ་འཆར་དང་གྲོས་འགོ་300ལྷག་བཏོན་པ་བརྒྱུད། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ་དང་“བརྟན་པོ་དྲུག་”གི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རམ་འདེགས་བྱས་ཡོད། 2018ལོའི་ལོ་འཁོར་གྱི་ཀྲུང་དབྱང་གི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཀྱི་གཏོང་ཡོང་གཞན་དག་གི་རྩིས་བཤེར་ལས་དོན་སྙན་ཞུ་དང་། རྩིས་བཤེར་བྱས་ནས་རྩད་ཆོད་པའི་གནད་དོན་དག་ཐེར་ཡོ་བསྲང་བྱས་ཚུལ་གྱི་སྙན་ཞུར་ཉན་འཇོག་དང་གྲོས་ཞིབ་བྱས་པ། འབྲེལ་ཡོད་སྡེ་ཁག་གིས་ནོར་སྲིད་དཔལ་འབྱོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་ནན་པོ་དང་། གནད་དོན་དག་ཐེར་ཡོ་བསྲང་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་ཡོད།
     མི་དམངས་འཐུས་ཚོགས་ཀྱི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་དེ་གཏོང་སྒོའི་སྔོན་རྩིས་དང་སྲིད་ཇུས་ཕྱོགས་སུ་རྒྱ་སྐྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལ་དོ་དམ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་གིས་མི་དམངས་འཐུས་ཚོགས་ལ་གནང་བའི་འགན་འཁྲི་གལ་ཆེན་གཉིས་ཡིན། རྒྱུན་ལས་ཨུ་ལྷན་གྱིས་“ཕྱོགས་ཆ་ཀུན་ལ་ཞིབ་བཤེར་དང་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་པའི་”བླང་བྱ་ལྟར། རིམ་པ་ཁག་གི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རྩིས་བཤེར་བྱས་ནས་རྩད་ཆོད་པའི་འབུར་དུ་ཐོན་པའི་གནད་དོན་དག་ཐེར་ཡོ་བསྲང་བྱས་ཚུལ་ལ་ལྟ་སྐུལ་བྱེད་པར་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་གཏན་ལ་ཕབ་སྟེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྔོན་རྩིས་བཟོ་འགོད་དང་སྔོན་རྩིས་ལག་བསྟར་ཁྲོད་ལག་བསྟར་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་ཡོད། ནོར་སྲིད་ཀྱི་སྲིད་ཇུས་ལག་བསྟར་དང་། སྡེ་ཁག་གི་སྔོན་རྩིས་ལག་བསྟར། སྤོ་སྒྱུར་གཏོང་སྤྲོད་གཤམ་སྤྲོད། ས་གནས་སྲིད་གཞུང་གི་བུན་འཛིན་འགྲེམས་སྤེལ་དང་བེད་སྤྱོད། སྦགས་བཙོག་འགོག་བཅོས་ཀྱི་སྲིད་ཇུས་དང་བྱེད་ཐབས་བཅས་དང་དེ་བཞིན་ནོར་སྲིད་མ་དངུལ་བཀོད་སྒྲིག་བྱས་ཚུལ་སོགས་གཙོ་བོར་དམིགས་ཏེ་རྗེས་སྙེག་ལྟ་སྐུལ་རྒྱུན་མཐུད་བྱས་པ་དང་། ཁྱོན་བསྡོམས་ཆེད་དམིགས་བརྟག་དཔྱད་ཞིབ་འཇུག་ཐེངས་25སྒྲིག་འཛུགས་བྱས་ཤིང་། སྙན་ཞུ་ཐེངས་35ལ་ཉན་འཇོག་བྱས་པ། ཆེད་དོན་གྲོས་ཞིབ་ཐེངས་4བྱས་པ། ཆེད་དམིགས་མ་དངུལ་ཁག་9ལ་ཞིབ་བཤེར་བྱས་ནས་ནོར་སྲིད་མ་དངུལ་བེད་སྤྱོད་བྱས་འབྲས་དང་སྲིད་ཇུས་ལག་བསྟར་བྱས་པའི་ཕན་ནུས་ལ་ཞིབ་བཤེར་ལྟ་སྐུལ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཡོད། ས་གནས་མི་དམངས་འཐུས་ཚོགས་ཀྱིས་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་གྱི་གཙོ་གནད་གཏོང་སྒོའི་སྔོན་རྩིས་དང་སྲིད་ཇུས་ཕྱོགས་སུ་རྒྱ་བསྐྱེད་པའི་སྒྱུར་བཅོས་བྱེད་ཐབས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ། ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར་)ཚང་མས་ལག་བསྟར་བསམ་འཆར་བཟོས་ཡོད། ཕྱོགས་ཡོངས་ནས་ཚད་ལྡན་དང་། ཡོངས་བསྒྲགས་ཁ་གསལ། ལྟ་སྐུལ་ནུས་ལྡན་བཅས་ཀྱི་དམིགས་འབེན་ལྟར། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་དོ་དམ་དང་ལྟ་སྐུལ་གྱི་ལོ་ལྔའི་འཆར་འགོད་བཟོས་པ་དང་། 2018ལོའི་ལོ་འཁོར་གྱི་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་དོ་དམ་བྱས་ཚུལ་གྱི་ཕྱོགས་བསྡུས་སྙན་ཞུ་དང་རྒྱལ་ཡོངས་ཀྱི་སྲིད་འཛིན་བྱ་གཞག་རང་བཞིན་གྱི་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་དོ་དམ་བྱས་ཚུལ་གྱི་ཆེད་དོན་སྙན་ཞུར་གྲོས་ཞིབ་བྱས་ཏེ། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་དོ་དམ་དང་ལྟ་སྐུལ་ཟབ་སྤེལ་རྒྱ་སྐྱེད་དང་། སྤུས་ཕྱོད་མཉམ་འདེགས་གཏོང་བར་སྐུལ་འདེད་བཏང་ཡོད། ས་གནས་ཀྱིས་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་དོ་དམ་བྱས་ཚུལ་སྙན་ཞུའི་ལམ་ལུགས་དེ་ཆུས་བཙུགས་པའི་གྲོང་ཁྱེར་དང་རང་སྐྱོང་ཁུལ་བར་སྣེ་བསྲིང་བར་སྐུལ་འདེད་བཏང་ཡོད།
     ཆེད་དོན་ལས་ཀར་ལྟ་སྐུལ་ཏན་ཏིག་ཡག་པོ་བྱས་ཡོད། སྨན་པ་དཀའ་བཅུ་པའི་དཔུང་སྡེ་དོ་དམ་དང་ལས་གཉེར་སྨན་པ་དཀའ་བཅུ་པའི་བཅའ་ཁྲིམས་ལག་བསྟར་བྱེད་པ་དང་། སློབ་ན་མ་སོན་གོང་གི་སློབ་གསོའི་བྱ་གཞག་སྒྱུར་བཅོས་དང་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་སྐྱོབ་རོགས་ལས་དོན་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བ། གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་སྒྱུར་བཅོས་གཏོང་བ། རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བ། ཕྱི་ཕྱོགས་ཉོ་ཚོང་མྱུར་དུ་ཕྱོགས་སྒྱུར་རིམ་སྤོར་བྱེད་པ། ཁྲལ་རིན་གཉིས་གཅོག་པ། ནོར་སྲིད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་མ་དངུལ་བགོ་བཤའ་དང་བེད་སྤྱོད་པ། 2018ལོའི་ལོ་འཁོར་དང་2019ལོའི་ལོ་འཁོར་གྱི་ཁོར་ཡུག་གི་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་དམིགས་ཚད་ལེགས་འགྲུབ་བྱུང་ཚུལ་སོགས་སྐོར་གྱི་ཆེད་དམིགས་ལས་དོན་སྙན་ཞུ་11ཉན་འཇོག་དང་གྲོས་ཞིབ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་མངོན་གསལ་དོད་པོ་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ཞིང་། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད། དབུལ་བྲལ་འགག་སྒྲོལ་དང་། མི་རིགས་ས་ཁུལ་གྱི་མཐའ་དར་དམངས་ཕྱུག་བྱ་སྤྱོད། མ་ལག་རང་བཞིན་གྱི་དངུལ་རྩའི་ཉམས་ཉེན་འགོག་ཟོན་བྱེད་པ། མི་འབོར་བགྲེས་སོང་ཅན་དུ་འགྱུར་བར་ཁ་གཏད་འཇལ་བ། རྒན་གསོའི་འགན་བཅོལ་ཐེབས་རྩ་དོ་དམ་དང་སྒྱུར་བཅོས་གཏོང་བ། རྒྱལ་ཁབ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་ལག་ལེན་བསྟར་བ། ལྟ་ཞིབ་སྒྲིག་སྲོལ་ལ་སྒྱུར་བཅོས་གཏོང་བ་དང་ལྟ་ཞིབ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ལག་བསྟར་བྱེད་པ་སོགས་ཆེད་དོན་བརྟག་དཔྱད་ཞིབ་འཇུག་7སྤེལ་ཏེ། ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་གྲོས་འགོ་བཏོན་ཡོད།
     ཁྲིམས་འཛིན་ལས་དོན་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཡོད། 2018ལོར་མི་དམངས་ཁྲིམས་ཁང་གིས་“ལག་ལེན་བསྟར་དཀའ་བའི་”ལས་དོན་ཐག་གཅོད་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན་འཇོག་དང་གྲོས་ཞིབ་བྱས་རྗེས། 2019ལོར་རྗེས་སྙེག་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གྲོས་ཞིབ་བསམ་འཆར་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུར་ཆེད་དུ་ཉན་འཇོག་དང་གྲོས་ཞིབ་བྱས་ཏེ། “ལག་ལེན་བསྟར་དཀའ་བའི་”གྲུབ་འབྲས་གཞི་རྩའི་ཐོག་ནས་ཐག་གཅོད་བྱས་ཡོད། ཉེས་དོན་འདྲི་གཅོད་ལས་ཀར་ཤུགས་སྣོན་བརྒྱབ་ཚུལ་སྐོར་གྱི་སྙན་ཞུར་ཉན་འཇོག་དང་གྲོས་ཞིབ་བྱས་ཤིང་། འདྲི་གཅོད་ལྟེ་བར་འཛིན་པའི་ཉེས་དོན་གཏུག་བཤེར་ལམ་ལུགས་སྒྱུར་བཅོས་གཏོང་བར་སྐུལ་འདེད་བཏང་ཡོད། སྤྱི་ཕན་གཏུག་བཤེར་ལ་ཞིབ་དཔྱོད་བྱེད་པའི་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུར་ཉན་འཇོག་དང་གྲོས་ཞིབ་བྱས་པ་མ་ཟད་ཆེད་དོན་འདྲི་རྩད་བྱས་ཏེ། ཞིབ་དཔྱོད་ལས་ཁུངས་ཀྱིས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ཁྲིམས་བཀོད་འགན་འཁྲི་ལག་བསྟར་ཡག་པོ་བྱེད་པར་སྐུལ་འདེད་བཏང་ཡོད།
     བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཁྲིམས་བསྟར་ཞིབ་བཤེར་བྱས་ཡོད། ཁྲིམས་བསྟར་ཞིབ་བཤེར་ལས་ཀའི་ལམ་སྲོལ་དང་བྱེད་སྟངས་བྱེད་ཐབས་འཐུས་ཚང་དུ་བཏང་བ་དང་། བཅའ་ཁྲིམས་ཀྱི་གཏན་འབེབས་དོན་ཚན་རེ་རེ་དང་བསྡུར་ནས་ཞིབ་བཤེར་བྱས་ཏེ། འབྲེལ་ཡོད་ཕྱོགས་ཀྱིས་བཅའ་ཁྲིམས་ལམ་ལུགས་དང་ཁྲིམས་བཀོད་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པར་སྐུལ་འདེད་བཏང་ཡོད། ཁེ་ལས་འབྲིང་ཆུང་སྐུལ་སྤེལ་བྱ་རྒྱུའི་སྐོར་གྱི་བཅའ་ཁྲིམས་དང་། ཆུའི་སྦགས་བཙོག་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས། མཐོ་རིམ་སློབ་གསོའི་སྐོར་གྱི་བཅའ་ཁྲིམས། ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བཅའ་ཁྲིམས། བསྐྱར་སྐྱེ་ཐུབ་པའི་ནུས་ཁུངས་སྐོར་གྱི་བཅའ་ཁྲིམས། ཉ་ལས་སྐོར་གྱི་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཁག་6ལག་བསྟར་བྱས་ཚུལ་ཞིབ་བཤེར་བྱས་ཤིང་། ཁེ་ལས་འབྲིང་ཆུང་སྐུལ་སྤེལ་བྱ་རྒྱུའི་སྐོར་གྱི་བཅའ་ཁྲིམས་དང་ཆུའི་སྦགས་བཙོག་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ཀྱི་ཁྲིམས་བསྟར་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་བྱེད་པ་དང་ཟུང་འབྲེལ་བྱས་ནས་ཆེད་དོན་འདྲི་རྩད་ཐེངས་2བྱས། ཆུའི་སྦགས་བཙོག་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་སོགས་ཁྲིམས་བསྟར་ཞིབ་བཤེར་ཁག་4ཡི་ཁྲོད་ཕྱོགས་གསུམ་པའི་དཔྱད་དཔོག་དྲངས་ནས་ཞིབ་བཤེར་གྱི་ཚན་རིག་དང་མཐུན་པའི་རང་བཞིན་དང་། དངོས་མཐུན་རང་བཞིན། དབང་གྲགས་རང་བཞིན་བཅས་ཆེ་རུ་བཏང་ཡོད། བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་གདེང་འཇོག་བྱེད་པའི་རྣམ་པ་གསར་པ་དང་བྱེད་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་དང་། ཁེ་ལས་འབྲིང་ཆུང་སྐུལ་སྤེལ་བྱ་རྒྱུའི་སྐོར་གྱི་བཅའ་ཁྲིམས་དང་། ཁེ་ལས་ཀྱི་མ་རྩ་སྟོངས་པའི་སྐོར་གྱི་བཅའ་ཁྲིམས། ཐོན་རྫས་ཀྱི་སྤུས་ཀའི་སྐོར་གྱི་བཅའ་ཁྲིམས་བཅས་ལ་ཁྲིམས་འཛུགས་བྱས་རྗེས་ཀྱི་དཔྱད་དཔོག་བྱས་ཏེ། ཁྲིམས་འཛུགས་ཐབས་ཇུས་དང་། ལམ་ལུགས་ཇུས་འགོད། བཅའ་ཁྲིམས་ལག་བསྟར། ཕན་འབྲས་ལྡོག་སྐྱེལ་བཅས་ཀྱི་མ་ལག་ཆ་ཚང་ཆགས་པར་བྱས་ནས་ཁྲིམས་འཛུགས་དང་ལྟ་སྐུལ་གྱི་ལས་ཀའི་སྤུས་ཚད་མཐོ་རུ་བཏང་ཡོད།
【1】  【2】  【3】  【4】