འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་22ཉིན།

༄༅།།རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ།

——2020ལོའི་ཟླ་5ཚེས་25ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། ལི་ཀྲན་ཧྲུའུ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་11ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     བཞི། འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་དང་ཞབས་འདེགས་ཞུ་བའི་ལས་ཀའི་ལམ་ལུགས་དང་ལམ་སྲོལ་འཛུགས་པར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཡོད།
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ནི་རྒྱལ་ཁབ་ཀྱི་དབང་ཆའི་ལས་ཁུངས་མཐོ་ཤོས་ཀྱི་ཁོངས་མི་ཡིན། འཐུས་མིའི་ཁེ་དབང་ལ་བརྩི་འཇོག་བྱེད་པ་ནི་མི་དམངས་ཀྱི་ཁེ་དབང་ལ་བརྩི་འཇོག་བྱེད་པ་ཡིན་ཞིང་། འཐུས་མིས་ཁྲིམས་ལྟར་འགན་སྒྲུབ་པར་འགན་སྲུང་བྱེད་པ་ནི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་ཁག་ཐེག་བྱེད་པ་ཡིན། དེའི་ཕྱིར། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བྱེད་ཐབས་ཞིབ་ཕྲ་དོན་ཚན་35བཟོས་ནས་འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་ལ་སྔར་ལས་ལྷག་པའི་རྒྱབ་སྐྱོར་དང་འགན་སྲུང་བྱས་ཡོད།
     འཐུས་མིའི་གྲོས་གཞི་དང་གྲོས་འགོ་ནན་ཏན་གྱིས་སྒྲུབ་གཉེར་བྱས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་རིང་འཐུས་མིས་བཏོན་པའི་གྲོས་གཞི་དང་གྲོས་འགོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་གྲོས་ཞིབ་བྱས་པ་དང་། འབྲེལ་ཡོད་སྒྲུབ་འགན་འཁུར་མཁན་སྡེ་ཚན་གྱིས་འབྲས་བུ་དང་བརྒྱུད་རིམ་གལ་ཆེ་མཉམ་འཛིན་དང་། “གནས་དང་གནས་”ཀྱི་འབྲེལ་གཏུག་དང་“ངོ་ཐུག་གདོང་འཕྲད་ཀྱིས་”འབྲེལ་འདྲིས་བཅས་བྱས་ནས་འཐུས་མི་དང་ཐོག་མར་འདེམས་བསྐོ་བྱེད་མཁན་སྡེ་ཚན་ལ་གྲོས་འགོ་སྒྲུབ་གཉེར་བྱས་ཚུལ་དང་བསྒྲུབས་པའི་འབྲས་བུ་དུས་ཐོག་ཏུ་བརྡ་ཁྱབ་བཏང་ཡོད། ཀྲུའུ་ཞིའི་ཚོགས་པས་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་འཐུས་མིའི་གྲོས་གཞི་491ཚང་མ་བསྒྲུབས་ཚར་ཞིང་། དེའི་ནང་གྲོས་གཞི་27དང་འབྲེལ་བའི་ཁྲིམས་འཛུགས་རྣམ་གྲངས་12ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། གྲོས་གཞི་56དང་འབྲེལ་བའི་ཁྲིམས་འཛུགས་རྣམ་གྲངས་9གྲོས་ཞིབ་བྱ་རྒྱུའི་རེ་བ་ཞུས། གྲོས་གཞི་191དང་འབྲེལ་བའི་ཁྲིམས་འཛུགས་རྣམ་གྲངས་65ཁྲིམས་འཛུགས་འཆར་འགོད་དམ་འཆར་གཞིའི་ནང་བཀོད་ཡོད། གྲོས་འཆར་8160སྒྲུབ་འགན་འཁུར་མཁན་གྱི་སྡེ་ཚན་193ལ་སྒྲུབ་ཏུ་བཅུག་པ་མ་ཟད་འཐུས་མིར་ལན་བཏབ་ཡོད་ཅིང་། གནད་དོན་ཞུས་པ་ཐག་བཅད་ཟིན་པའམ་རིམ་བཞིན་ཐག་གཅོད་བྱེད་འཆར་ཡོད་པའི་གྲངས་འབོར་གྱིས་གྲོས་འགོའི་བསྡོམས་འབོར་གྱི་71.3%ཟིན་ཡོད། གཙོ་གནད་དུ་བཟུང་ནས་སྐུལ་སྒྲུབ་བྱ་རྒྱུའི་གྲོས་འགོ་22གཏན་ལ་ཕབ་པ་དེ་འཐུས་མིའི་གྲོས་འགོ་276དང་འབྲེལ་བ་ཡོད་ཅིང་། ཆེད་དོན་ཨུ་ཡོན་ལྷན་ཁང་7གྱིས་སྐུལ་སྒྲུབ་བྱ་རྒྱུའི་འགན་འཁུར་བ་དེས་དངོས་ཡོད་གནད་དོན་ཁག་ཅིག་ཐག་གཅོད་བྱེད་པར་སྐུལ་ཡོད། ཚོགས་འདུ་གྲོལ་རིང་གི་འཐུས་མིས་བཏོན་པའི་བསམ་འཆར་དང་གྲོས་འགོ་560ནན་ཏན་གྱིས་བསྒྲུབས་ཡོད་པའི་ནང་འཐུས་མིས་ཐད་ཀར་བཏོན་པའི་གྲོས་གཞི་210དང་། ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་ཁོངས་མིས་བརྒྱུད་སྤྲོད་བྱས་པའི་གྲོས་གཞི་63། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱིས་བརྒྱུད་སྤྲོད་བྱས་པའི་གྲོས་གཞི་10། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་འཚོགས་རིང་འཐུས་མིས་བཏོན་པའི་གྲོས་གཞི་277བཅས་ཚུད་ཡོད།
     ཁྲིམས་འཛུགས་ལས་དོན་ཁྲོད་ཀྱི་འཐུས་མིའི་ནུས་པ་འདོན་སྤེལ་བྱས་ཡོད། འཐུས་མིའི་གྲོས་གཞི་དང་གྲོས་འགོར་གཞིགས་ནས་ཁྲིམས་འཛུགས་རྣམ་གྲངས་ཞིབ་འཇུག་དང་གཏན་འཁེལ་བྱས་པ་དང་། བཅའ་ཁྲིམས་ཀྱི་མ་ཟིན་ལ་བརྟག་དཔྱད་ཞིབ་འཇུག་དང་། འཆར་ཟིན་འགོད་པ། རིགས་པས་ཁུངས་སྐྱེལ་བ། དཔྱད་དཔོག་བྱེད་པ་སོགས་ཀྱི་ལས་དོན་ནང་འཐུས་མི་ཐད་ཀར་ཞུགས་པར་གདན་དྲངས་ཡོད། ཕྱོགས་བསྡུས་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་བཅའ་ཁྲིམས་ཀྱི་མ་ཟིན་གལ་ཆེན་འཐུས་མི་ཡོངས་ལ་དཔར་འགྲེམས་བྱས་ནས་བསམ་འཆར་བསྡུ་ལེན་བྱས་པ་དང་། ཆེད་ལས་རང་བཞིན་ཆེ་བའི་བཅའ་ཁྲིམས་མ་ཟིན་དེ་འབྲེལ་ཡོད་ཆེད་ལས་སམ་ཁྱབ་ཁོངས་ཀྱི་འཐུས་མིར་དཔར་འགྲེམས་བྱས་ནས་བསམ་འཆར་བསྡུ་ལེན་བྱས་ཡོད།
     རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་འཐུས་མིའི་བར་གྱི་འབྲེལ་བར་ཤུགས་སྣོན་བརྒྱབ་ཡོད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་འཐུས་མིར་འབྲེལ་གཏུག་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་དང་ལས་དོན་ཨུ་ཡོན་ལྷན་ཁང་གིས་འཐུས་མི་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ཡོད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་རྣམ་པ་སྣ་མང་ལ་བརྟེན་ནས་འཐུས་མིར་འབྲེལ་གཏུག་བྱས་ཏེ། གནས་ཚུལ་གོང་ཞུ་དང་བསམ་འཆར་ཉན་པའི་བརྒྱུད་ལམ་ཐོགས་མེད་དུ་བཏང་ཞིང་། གཞི་རིམ་གྱི་གནས་ཚུལ་ཤེས་རྟོགས་སྔར་ལས་ལེགས་པོ་བྱེད་པ་དང་། མི་དམངས་ཀྱི་རེ་འབོད་མཚོན་པ་བཅས་བྱས་ཡོད། འཐུས་མི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་ནང་ཞུགས་པའི་ལམ་སྲོལ་ཆ་ཚང་དང་འཐུས་ཚང་བཟོས་ཤིང་། འཐུས་མི་མི་ཐེངས་74སྒྲིག་འཛུགས་བྱས་ནས་ཁྲིམས་བསྟར་ཞིབ་བཤེར་ལ་ཞུགས་ཡོད་པ་དང་། འཐུས་མི་མི་ཐེངས་73སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་ནང་ཞུགས་པར་གདན་དྲངས་ཡོད་ལ། འཐུས་མི་མི་ཐེངས་298རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ནང་ཟུར་ཞུགས་བྱེད་པར་གདན་དྲངས་ཡོད། ཟུར་ཞུགས་འཐུས་མིའི་བཞུགས་མོལ་གྲོས་ཚོགས་ཐེངས་5འཚོགས་ཡོད།
     འཐུས་མི་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་བ་དམ་ཟབ་ཏུ་བཏང་ཡོད། ས་གནས་མི་དམངས་འཐུས་ཚོགས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་བྱས་ཏེ་ཐག་ཉེ་སར་འཐུས་མིའི་འབྲེལ་གཏུག་ས་ཚིགས་དང་། འཐུས་མིའི་ཁྱིམ་གཞིས། གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་བྱེད་གནས་བཅས་ཀྱི་བྱེད་སྒོར་ཞུགས་པར་སྐུལ་འདེད་བཏང་ཡོད། ས་གནས་མི་དམངས་འཐུས་ཚོགས་རིམ་པ་ཁག་གིས་འཐུས་མིའི་འབྲེལ་གཏུག་ས་ཚིགས་དང་འཐུས་མིའི་ཁྱིམ་གཞིས་ཁྲི་22.8བསྐྲུན་ནས་འཐུས་མིས་འགན་འཁྲི་སྒྲུབ་པར་གཞི་རིམ་ལ་རྐང་ཚུགས་པ་དང་། མང་ཚོགས་དང་ཉེ་བར་བཅར་བ། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ་བཅས་ཀྱི་ལས་ཀའི་ལས་སྟེགས་བསྐྲུན་ཡོད། རྒྱ་ཆེའི་འཐུས་མི་རྣམས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་ལམ་ནས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ལ་ཉན་པ་དང་ཡར་ཞུ་བྱས་པ་བརྒྱུད། གོང་གི་གནས་ཚུལ་འོག་ལ་སྒྲོག་པ་དང་འོག་གི་གནས་ཚུལ་གོང་ལ་ཞུ་བའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།
     འཐུས་མིར་ཞབས་ཞུ་དང་འགན་སྲུང་བྱེད་པའི་ལས་དོན་གྱི་ཆུ་ཚད་མཐོ་རུ་བཏང་ཡོད། འཐུས་མི་1830སྒྲིག་འཛུགས་བྱས་ནས་ཆེད་དོན་བརྟག་དཔྱད་ཞིབ་འཇུག་དང་། རྟོག་ཞིབ། ལྟ་ཞིབ་བཅས་བྱས་ནས་བརྟག་དཔྱད་ཞིབ་འཇུག་གི་སྙན་ཞུ་91གྲུབ་ཡོད། གསོ་སྦྱོང་ཐོན་ཁུངས་གཞི་རིམ་གྱི་འཐུས་མིར་གཟིགས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ནས་ལོ་ཧྲིལ་པོར་འཐུས་མི་མི་ཐེངས་1900ལྷག་ཙམ་གཅིག་སྡུད་གསོ་སྦྱོང་ནང་ཞུགས་ཡོད་པ་དང་། སྐབས་བཅུ་གསུམ་པའི་ཚུན་འཐུས་མི་མི་ཐེངས་3200ལྷག་ཙམ་གཅིག་སྡུད་གསོ་སྦྱོང་བྱས་ནས་གཞི་རིམ་འཐུས་མིའི་འགན་སྒྲུབ་སློབ་སྦྱོང་སྤྱིའི་ཆ་ནས་ཁྱོན་ཡོངས་ལ་ཁེབས་པ་བྱས་ཡོད། འཐུས་མི་མི་ཐེངས་1254“གཞུང་གཅིག་ལྷན་གཅིག་དང་ཁང་གཉིས་”ཀྱིས་འཐུས་མིར་འབྲེལ་གཏུག་བྱེད་པའི་བྱེད་སྒོར་ཞུགས་པ་གཅིག་གྱུར་འཆར་འགོད་གྱིས་བཀོད་སྒྲིག་བྱས་ཡོད། འཐུས་མི་ཡོད་སའི་སྡེ་ཚན་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་ནས་འཐུས་མིས་འགན་འཁྲི་སྒྲུབ་པར་ཆ་རྐྱེན་བཟང་པོ་བསྐྲུན་ཡོད།
     རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་འདིའི་ནང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ས་གནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཏང་ཀྲུང་དབྱང་གི་བཀའ་རྒྱ་དང་ལེན་ཧུར་ཐག་ཞུས་ནས། རིམ་ཁག་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་དང་རྩ་འཛུགས་འོག་རིམས་ནད་འགོག་རྒོལ་བྱེད་པའི་འཐབ་ཕྱོགས་དང་པོར་ཞུགས་པ་དང་། ཚན་ཞིབ་འགག་སྒྲོལ་ནང་ཞུགས་པ། དངོས་ཟོག་མཁོ་སྤྲོད་འགན་སྲུང་བྱེད་པ། ཧུར་ཐག་གིས་རྒྱུ་དངོས་ཞལ་འདེབས་འབུལ་བ་དང་། རང་འགུལ་གྱིས་ཐབས་འདོན་ཇུས་འབུལ་བཅས་བྱས་ཏེ་འཐབ་ཕྱོགས་ཁག་དང་རང་སོ་སོའི་ལས་གནས་ཐོག་དགེ་མཚན་ལྡན་པའི་ནུས་པ་ཕུལ་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་ཀྱི་ཚབ་བྱེད་པ་དང་། མི་དམངས་ཀྱི་ཆེད་དུ་ཡིན་པ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་གཟི་བརྗིད་ལྡན་པའི་ལས་འགན་ལག་ལེན་བསྟར་ཡོད།
     ལྔ། ཏང་དང་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ལ་ཞབས་འདེགས་ཞུ་བའི་སྤྱི་ཡོངས་ལ་དམིགས་ནས་ཕྱི་ཕྱོགས་ལས་དོན་སྤེལ་ཡོད།
     ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་ཁབ་ཀྱི་ཕྱི་འབྲེལ་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་འགན་ནུས་འདོན་སྤེལ་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་ཕྱི་ཕྱོགས་ལས་དོན་གྱི་རང་འགུལ་རང་བཞིན་དང་། དམིགས་སའི་རང་བཞིན། གཅིག་གྱུར་འཆར་འགོད་རང་བཞིན་བཅས་སྔར་བས་ཆེ་རུ་བཏང་ཡོད། རྒྱལ་ཁབ་36དང་རྒྱལ་ཁབ་ཁག་གི་དབྱི་ཧུའེ་གྲོས་ཚོགས་མནའ་འབྲེལ་གྱི་ཚོགས་པ་53ཀྲུང་གོར་འཚམས་འདྲིར་ཕེབས་པར་སྣེ་ལེན་ཞུས་པ་དང་། ཚོགས་པ་དང་ཚོ་ཆུང་65རྒྱལ་ཁབ་60དང་ས་ཁུལ་1གི་དབྱི་ཧུའེ་གྲོས་ཚོགས་རྩ་འཛུགས་ལ་འཚམས་འདྲིར་བཏང་ཡོད།
རྒྱལ་ཁབ་གཙོ་འཛིན་གྱི་ཕྱི་འབྲེལ་གྲུབ་འབྲས་དང་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་བྱ་རྒྱུ་ལས་འགན་གཙོ་བོར་བཟུང་སྟེ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་རྒྱལ་ཁབ་ཁག་གི་དབྱི་ཧུའེ་གྲོས་ཚོགས་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་ཡོད། རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་། མཐའ་འཁོར་རྒྱལ་ཁབ་དང་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་ལ་ཤུགས་སྣོན་རྒྱག་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་དང་མཐུན་སྒྲིལ་མཉམ་ལས་ཟབ་སྤེལ་བྱེད་པ་སོགས་ཕྱི་འབྲེལ་ལས་དོན་གྱི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་ལ་དམིགས་ནས། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ཟབ་སྤེལ་བྱེད་པར་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་སྒྲོག་ཧུར་ཐག་དང་། ཀྲུང་གོའི་བགྲོད་ལམ་དང་། ཀྲུང་གོའི་གཞུང་ལུགས། ཀྲུང་གོའི་ལམ་ལུགས། ཀྲུང་གོའི་རིག་གནས་དང་རྒྱལ་སྐྱོང་སྲིད་གཉེར་གྱི་ལག་ལེན་བཅས་ངོ་སྤྲོད་དང་འགྲེལ་བཤད་བརྒྱབ་སྟེ། འཛམ་གླིང་ལ་ཀྲུང་གོ་དང་། ཀྲུང་གོའི་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཤེས་རྟོགས་བྱེད་དུ་བཅུག་ཡོད། “རྒྱུད་གཅིག་ལམ་གཅིག་”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་དང་། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་སོགས་རང་སའི་ཕྱི་འབྲེལ་བྱེད་སྒོ་གལ་ཆེན་ལ་གཞོགས་འདེགས་བྱས་ཏེ། འབྲེལ་ཡོད་རྒྱལ་ཁབ་ཀྱི་དབྱི་ཧུའེ་གྲོས་ཚོགས་དང་སྤེལ་རེས་མཉམ་ལས་ཟབ་མོ་བྱས་ཡོད། ཁྲིམས་འཛུགས་སྒྲིག་གཞིའི་ཕྱོགས་ནས་འབྲེལ་ཡོད་རྒྱལ་ཁབ་ལ་རང་རྒྱལ་གྱི་ཕྱི་ཕྱོགས་ཀྱི་ཁེ་ཕན་དང་མི་སྣའི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུར་སྐུལ་མ་བཏང་སྟེ་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་འཐབ་ཇུས་ལ་རམ་འདེགས་བྱས་ཡོད།
     ཕྱི་རྒྱལ་གྱི་དབྱི་ཧུའེ་གྲོས་ཚོགས་དང་ཕྱོགས་གཉིས་ལམ་སྲོལ་རང་བཞིན་གྱི་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཕྱོགས་མང་དབྱི་ཧུའེ་གྲོས་ཚོགས་ནང་ཧུར་ཐག་གིས་ཞུགས་ཡོད། ཐུན་མོང་ཐོག་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་ཨུ་རུ་སུའི་དབྱི་ཧུའེ་གྲོས་ཚོགས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་བསྡུས་པ་དང་། ཧྥ་རན་སེ་དང་། འཇར་པན། པར་ཙིར་སོགས་རྒྱལ་ཁབ་ཀྱི་དབྱི་ཧུའེ་གྲོས་ཚོགས་དང་ལམ་སྲོལ་སྤེལ་རེས་ཐད་ཀྱི་བྱེད་སྒོ་སྤེལ་ཡོད། ཕྱོགས་གཉིས་མཛའ་མཐུན་ཚོ་ཆུང་4གསར་དུ་བཙུགས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་ཕྱི་རྒྱལ་གྱི་གྲོས་ཚོགས་དབར་གྱི་མཛའ་མཐུན་རྩ་འཛུགས་ཁྱོན་129ཡོད་པ་དེས་རང་རྒྱལ་དང་འབྲེལ་ཡོད་རྒྱལ་ཁབ་དབར་རྒྱུས་ལོན་གཏིང་ཟབ་མོ་དང་མཛའ་འབྲེལ་ཇེ་ཟབ་ཏུ་གཏོང་བར་ཤུགས་བསྣན་ཡོད། ཚོགས་པ་མངགས་ཏེ་རྒྱལ་ཁབ་ཁག་གི་དབྱི་ཧུའེ་མནའ་འབྲེལ་གྱི་སྐབས་140པ་དང་སྐབས་141པའི་ཚོགས་ཆེན། རྒྱལ་ཁབ་ཉི་ཤུའི་ཚོགས་པའི་དབྱི་ཧུའེ་གྲོས་ཚོགས་ཀྱི་འགོ་འཛིན་གྱི་ཚོགས་འདུ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་དབྱི་ཧུའེ་གྲོས་ཚོགས་ཀྱི་གླེང་སྟེགས་ཀྱི་ལོ་ཚོགས་སྐབས་28པ། ཡོ་རོབ་དང་ཨེ་ཤ་ཡའི་རྒྱལ་ཁབ་ཀྱི་དབྱི་ཧུའེ་གྲོས་ཚོགས་ཀྱི་འགོ་འཛིན་གྱི་གྲོས་ཚོགས་སྐབས་བཞི་པ། རྒྱལ་ཁབ་དྲུག་གི་དབྱི་ཧུའེ་གྲོས་ཚོགས་ཀྱི་འགོ་འཛིན་གྱི་གྲོས་ཚོགས་ཐེངས་གསུམ་པ། འབོ་གསེར་རྒྱལ་ཁབ་ཀྱི་དབྱི་ཧུའེ་གྲོས་ཚོགས་ཀྱི་གླེང་སྟེགས། རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་ཀྱི་འཛམ་གླིང་དབྱི་ཧུའེ་གྲོས་ཚོགས་ཀྱི་གླེང་སྟེགས་སྐབས་གསུམ་པ། དབྱི་ཧུའེ་གྲོས་ཚོགས་ཀྱི་འཛམ་གླིང་ཚོང་དོན་ཚོགས་ཆེན་གྱི་སློབ་སྟོན་ཨུ་ཡོན་གྱི་གྲོས་ཚོགས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་དབྱི་ཡོན་གྲོས་མིའི་ཁོར་ཡུག་དང་འཕེལ་རྒྱས་ཚོགས་ཆེན། ལྷོ་སྣེའི་དབྱི་ཡོན་གྲོས་མིའི་ཚོགས་ཆེན་སོགས་གྲོས་ཚོགས་ལ་ཞུགས་སུ་བཅུག་ནས་ཕྱོགས་མང་གི་གནས་ཡུལ་བེད་སྤྱད་དེ་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དབྱི་ཡོན་གྲོས་མིའི་ཞིབ་འཇུག་གྲོས་བསྡུར་འཛིན་གྲྭ་དང་། ཨ་ཧྥེ་རི་ཁའི་ཧྥ་རན་སེའི་སྐད་ཡིག་རྒྱལ་ཁབ་ཀྱི་དབྱི་ཡོན་གྲོས་མིའི་ཞིབ་འཇུག་གྲོས་བསྡུར་འཛིན་གྲྭ། འབར་མའི་དབྱི་ཡོན་གྲོས་མིའི་ཞིབ་འཇུག་གྲོས་བསྡུར་འཛིན་གྲྭ་བཅས་གཉེར་བ་དང་། རྒྱལ་ཁབ་14ཡི་དབྱི་ཡོན་གྲོས་མི་74ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་ཡོང་ནས་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཤུགས་ཆེ་རུ་བཏང་ཡོད།
     ཁྲིམས་འཛུགས་ཐད་སྤེལ་རེས་གཏིང་ཟབ་བྱས་ཡོད། འབྲེལ་ཡོད་རྒྱལ་ཁབ་དང་བཅའ་ཁྲིམས་སྤེལ་རེས་དང་མཉམ་ལས་བྱེད་པའི་ལམ་སྲོལ་བེད་སྤྱོད་གང་ལེགས་བྱེད་པ་དང་། ཁྲིམས་འཛུགས་སྐོར་གྱི་རིགས་པའི་གཞུང་ལུགས་དང་། ལམ་ལུགས། ལག་ལེན་བཅས་ཀྱི་ཐད་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ཡོད། ཁྲིམས་འཛུགས་ལག་རྩལ་ཚད་ལྡན་དུ་གཏོང་བ་དང་། ས་ཁོངས་མཐུན་སྦྱོར་ངང་ཁྲིམས་འཛུགས་པ་དང་། དམངས་དོན་ཁྲིམས་གཞུང་། ཆེད་ཁེ། ལོ་ན་མ་སོན་པའི་སྐྱེ་བོ་སྲུང་སྐྱོང་བྱེད་པ། སྲིད་འཛིན་ཆད་གཅོད། ཁོར་ཡུག་སྲུང་སྐྱོང་སོགས་ཐད་ཀྱི་ཁྲིམས་འཛུགས་ལས་དོན་ལ་དམིགས་ནས། འབྲེལ་ཡོད་རྒྱལ་ཁབ་དང་ཆེད་དོན་རྟོག་ཞིབ་དང་ཞིབ་གྲོས་བྱས་ཡོད། རང་རྒྱལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རང་འགུལ་གྱིས་དྲིལ་སྒྲོག་བྱས་ཏེ། རྩ་ཁྲིམས་དང་ཕྱི་ཚོང་དངུལ་འཇོག་སྐོར་གྱི་བཅའ་ཁྲིམས་ཕྱི་ཕྱོགས་ལ་དྲིལ་སྒྲོག་དང་འགྲེལ་བརྗོད་ཡག་པོ་བྱས་ཏེ། ནག་དངུལ་དཀར་སྒྱུར་གྱི་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་། ཤེས་བྱའི་ཐོན་དངོས་བདག་དབང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་ཤུགས་སྔར་ལས་ཆེ་བ་སྤེལ་བ་སོགས་ཐད་ཀྱི་རང་རྒྱལ་གྱི་ཁྲིམས་འཛུགས་གྲུབ་འབྲས་ངོ་སྤྲོད་བྱས་ཡོད།
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བོད་ལྗོངས་འཐུས་མི་ཚོགས་པ་3འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ་དུ་འཚམས་འདྲིར་མངགས་ནས། རང་རྒྱལ་གྱི་མི་རིགས་ཆོས་ལུགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས་དྲིལ་སྒྲོག་དང་འཆད་འགྲེལ་བྱས་པ་དང་། མི་རིགས་རང་སྐྱོང་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས། གཞི་རིམ་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ས་གནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་27རྩ་འཛུགས་བྱས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཕྱི་ཕྱོགས་འགྲོ་འོང་བྱེད་སྒོའི་ནང་ཞུགས་པ་དང་། རང་གིས་འགན་བསྒྲུབས་པའི་གཏམ་རྒྱུད་བཤད་ནས། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་གོའི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་མངོན་ཡོད། 
     དྲུག ཏང་གིས་འགོ་ཁྲིད་བྱེད་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་བྱེད་པར་རྩེ་གཅིག་ཏུ་དམིགས་ནས་རང་ངོས་འཛུགས་སྐྲུན་ལ་ཤུགས་བསྣན་ཡོད། 
     ཏང་གིས་འགོ་ཁྲིད་བྱེད་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་དུ་སྤེལ་བའི་ལྡོག་མེད་ཀྱི་བླང་བྱ་ཡིན་པ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་བཟོ་བའི་ལྡོག་མེད་བླང་བྱ་ཡིན་ལ། མི་དམངས་འཐུས་ཚོགས་ཀྱི་ཏང་འཛུགས་སྐྲུན་དང་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན། 
     ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱས་ནས་ཏང་གི་འགོ་ཁྲིད་དེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་གྱི་ཁྱབ་ཁོངས་ཁག་དང་ལྷུ་ཚིགས་ཁག་ཏུ་དོན་འཁྱོལ་ཐུབ་པའི་འགན་ལེན་ཏན་ཏིག་བྱས་ཡོད། “ཐོག་མའི་བསམ་འདུན་མ་བརྗེད་ཅིང་། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི་”བརྗོད་གཞིའི་སྐོར་གྱི་སློབ་གསོ་ནན་ཏན་ངང་སྤེལ་བ་དང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཤུགས་ཆེ་རུ་བཏང་ཞིང་། མི་དམངས་ལ་ཞབས་འདེགས་ཞུ་བ་དང་ཏང་གི་ལོ་རྒྱུས་ཀྱི་ལས་འགན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་པའི་འགན་ཁུར་གྱི་འདུ་ཤེས་དང་འགན་འཁྲིའི་བསམ་པ་ཆེ་རུ་བཏང་ཡོད། འགན་སྒྲུབ་པའི་ནུས་པ་དང་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བར་དམིགས་ནས་ཆེད་དོན་འཆད་ཁྲིད་ཐེངས་6སྤེལ་ཡོད། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་སྤེལ་རེས་ཚོགས་འདུ་ཐེངས་གཉིས་པ་སྐོང་ཚོགས་བྱས་ནས། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་ཚན་རིག་དང་མཐུན་པའི་ནང་དོན་དང་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་གྱི་ལག་ལེན་བླང་བྱ་ཤེས་རྟོགས་ཟབ་མོ་དང་ཁོང་དུ་ཆུད་པ་བྱས་ཡོད། མི་དམངས་འཐུས་ཚོགས་ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་ལྷན་ཚོགས་ཀྱི་སྐབས་བརྗེའི་ལས་དོན་ལེགས་འགྲུབ་བྱུང་བ་དང་། མི་དམངས་འཐུས་ཚོགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཞིབ་འཇུག་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཡོད། 
     སྤྱི་དམངས་རྣམས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་ཐེ་ཞུགས་བྱེད་རྒྱ་ཆེ་རུ་བཏང་བ་དང་། རྣམ་པ་སྣ་མང་ལ་བརྟེན་ནས་མང་ཚོགས་ཀྱི་བསམ་འཆར་ཉན་འཇོག་བྱས་ཏེ། མིང་དོན་མཚུངས་པའི་སྒོ་ནས་མི་དམངས་ཀྱི་ཆེད་དུ་དབང་སྤྱད་པ་དང་།  མི་དམངས་ཀྱི་ཆེད་དུ་འགན་བསྒྲུབས་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལག་ལེན་ཞིབ་ཕྲའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་གང་ཐུབ་བྱས་ཤིང་། བརྟག་དཔྱད་ཞིབ་འཇུག་བྱེད་སྒོ་གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་བྱེད་པར་ཤུགས་བསྣན་ནས། མི་དམངས་མང་ཚོགས་ཀྱི་འདོད་བློ་དང་རེ་སྨོན་དང་རེ་སྒུག་དུས་ཐོག་ཏུ་རྒྱུས་ལོན་དང་གོང་ཞུ་བྱས་ཡོད། རྒྱུན་ལས་ཨུ་ལྷན་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་ཞིབ་འཇུག་ཐེངས་300ཙམ་བྱས། གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་བྱེད་གནས་ཀྱི་མང་ཚོགས་དང་འབྲེལ་འདྲིས་བྱུང་བ་དང་། མི་དམངས་ཀྱི་བློ་གྲོས་གཅིག་བསྡུས་བྱེད་པའི་“ཤར་བགྲོད་རླངས་འཁོར་”གྱི་ནུས་པ་འདོན་སྤེལ་བྱས་ཏེ། གཞི་རིམ་མང་ཚོགས་ཁྲིམས་འཛུགས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཞུགས་པར་རྒྱབ་སྐྱོར་བྱས་པ་བརྒྱུད། བསམ་འཆར་དང་གྲོས་འགོ་ཇི་མ་ཇི་བཞིན་དུ་བསྡུ་ལེན་དང་ཡར་ཞུ་བྱས་ཡོད། ཡིག་སྐུར་ངོ་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་དྲ་ཐོག་ཡིག་སྐུར་ངོ་བཅར་ལས་སྟེགས་ཤར་གཏོང་བྱས་པ་དང་། ཡིག་སྐུར་ངོ་བཅར་ཐེངས་གྲངས་ཁྲི་8ལ་ཉེ་བ་བསྒྲུབས་ཤིང་། དེའི་ཁྲོད་འཐུས་མིས་བརྒྱུད་སྤྲོད་བྱས་པ་178ཡོད་ལ། ཁྲིམས་ལྟར་དུས་ཐོག་ཏུ་མང་ཚོགས་ཀྱི་ལུགས་མཐུན་འདོད་གསོལ་ཐག་གཅོད་པར་སྐུལ་འདེད་བཏང་ཡོད། 
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་ནི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལས་ཁུངས་ཡིན་པའི་ཆ་ནས་སྣེ་ཁྲིད་དེ་བཅའ་ཁྲིམས་བརྩི་སྲུང་དང་། ཁྲིམས་ལྟར་འགན་སྒྲུབ། ཁྲིམས་ལྟར་ལས་སྒྲུབ་བཅས་བྱེད་དགོས། ཁྲིམས་འཛུགས་སྐོར་གྱི་བཅའ་ཁྲིམས་དང་། ལྟ་སྐུལ་སྐོར་གྱི་བཅའ་ཁྲིམས། རྒྱུན་ལས་ཨུ་ལྷན་གྱི་གཞུང་དོན་གྲོས་མོལ་བྱེད་སྲོལ་བཅས་ལག་བསྟར་ནན་པོ་བྱས་ཏེ། གྲོས་ཚོགས་རེ་རེ་དང་། གྲོས་རིམ་རེ་རེ། གྲོས་གཞི་རེ་རེ་བཅས་ཚང་མ་བཅའ་ཁྲིམས་ཀྱི་གཏན་འབེབས་དང་ཁྲིམས་བཀོད་གོ་རིམ་དང་མཐུན་པའི་འགན་ལེན་ཏན་ཏིག་བྱས་ཡོད། ཐུན་མོང་གིས་འགན་དབང་སྤྱོད་པ་དང་ཐུན་མོང་གིས་གནད་དོན་ཐག་གཅོད་པ་རྒྱུན་འཁྱོངས་བྱས་པ་དང་། ཚང་འཛོམས་གྲོས་ཚོགས་དང་ཚོ་ཆུང་བགོས་ནས་གྲོས་ཞིབ་དང་ཚོ་ཆུང་མཉམ་འབྲེལ་གྱིས་གྲོས་ཞིབ་བྱེད་པར་བཀོད་སྒྲིག་ལུགས་མཐུན་བྱས་པ་བརྒྱུད། དམངས་གཙོ་དར་སྤེལ་དང་། མང་གྲོས་བློ་བསྡུ། ངོས་འཛིན་གཅིག་མཐུན་ཡོང་བ་བྱས་ཏེ། དམངས་གཙོ་གཅིག་སྡུད་ལམ་ལུགས་དེ་འགན་སྒྲུབ་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཡོད། ཁྲིམས་བཀོད་འགན་འཁྲི་སྒྲུབ་པའི་མཐོ་ཚད་ནས་ཚོགས་སྲོལ་དང་སྒྲིག་ལམ་ནན་དུ་བཏང་བ་དང་། རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཚོགས་འདུར་ཞུགས་ཚད་97%ཡན་རྒྱུན་སྲུང་བྱས་ཤིང་། བརྡས་ཐག་གཅོད་རྒྱུའི་དོན་དག་ཡོད་ཚད་མི་ཡོངས་ཀྱིས་ཐེངས་ཡོངས་ལ་བརྡས་ཐག་གཅོད་བྱེད་འཕྲུལ་ཆས་སྤྱོད་ཐུབ་པ་བྱས་ནས། མི་དམངས་ཀྱིས་སྤྲད་པའི་དབང་ཆ་ཡང་དག་པར་ནུས་པ་དང་ལྡན་པར་སྤྱོད་པར་འགན་ལེན་ཏན་ཏིག་བྱས་ཡོད། 
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་ཁྲིམས་བཀོད་འགན་འཁྲི་ནན་གྱིས་བསྒྲུབས་ནས་འབྲེལ་ཡོད་གྲོས་གཞིར་ཞིབ་འཇུག་དང་། འཆར་འགོད། གྲོས་ཞིབ་བཅས་བྱས་པ་དང་། རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མི། ཕྱི་ཕྱོགས་བཅས་ཀྱི་ལས་དོན་སོགས་སྤེལ་བར་གཞོགས་འདེགས་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་ཡོད།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ཆབ་སྲིད་དང་། བསམ་བློ། རྩ་འཛུགས། སྤྱོད་ཚུལ། སྒྲིག་ཁྲིམས་བཅས་ཀྱི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཡོད། ནང་ཁུལ་དུ་སྐོར་གཟིགས་སྐོར་ཐེངས་གཉིས་སྤེལ་ཏེ་ཉེན་ཟོན་སློབ་གསོ་དང་སྲིད་དོན་གཙང་སྐྱོང་ཐད་ཀྱི་ཉེན་ཁ་སྔོན་འགོག་བཀག་སྡོམ་བྱེད་པར་ཤུགས་བསྣན་ཡོད། ཇུས་འདོན་ལས་རོགས་དང་ཞབས་ཞུ་འགན་སྲུང་གི་ཆུ་ཚད་མཐོ་རུ་བཏང་ནས། ཏང་ཀྲུང་དབྱང་ཐུགས་བློ་བདེ་བ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་དཔེ་སྟོན་ལས་ཁུངས་བསྐྲུན་ཡོད། 
      མི་དམངས་འཐུས་ཚོགས་ཀྱི་གསར་འགྱུར་གླེང་ཕྱོགས་ལས་དོན་ལེགས་བཅོས་དང་དེར་ཤུགས་བསྣན་པ་དང་། ཁྲིམས་འཛུགས་དང་ལྟ་སྐུལ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་གནས་འཕྲིན་ཟབ་སྤེལ་བྱས་ཏེ། འཐུས་མིའི་འགན་སྒྲུབ་ཉམས་འགྱུར་མངོན་པ་དང་། ས་གནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་གསར་གཏོད་དང་ལག་ལེན་དྲིལ་སྒྲོག་བྱས་ཏེ། རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་སེམས་སུ་འཇགས་པར་སྐུལ་འདེད་བཏང་ཡོད། མི་དམངས་འཐུས་ཚོགས་ཀྱི་གསར་འགྱུར་གླེང་ཕྱོགས་དྲིལ་སྒྲོག་བྱེད་སྟངས་གསར་གཏོད་བྱས་པ་དང་། ཀྲུང་གོའི་མི་དམངས་འཐུས་ཚོགས་ཀྱི་དུས་དེབ་དང་ཀྲུང་གོའི་མི་དམངས་འཐུས་ཚོགས་ཀྱི་དྲ་ཚིགས་སྒྱུར་བཅོས་མགྱོགས་སུ་བཏང་སྟེ། “དུས་དེབ་དང་དྲ་ཚིགས་པོད་འཕྲིན་མགྲོན་སྣེ་”མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པའི་ལམ་སྲོལ་བཙུགས་ནས་རང་རྒྱལ་གྱི་སྲོག་ཤིང་དུ་གྱུར་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་གལ་ཆེན་ཐད་ཀྱི་ལངས་ཕྱོགས་དང་འདོད་བློ་དུས་ཐོག་ཏུ་གསལ་བཤད་བྱས་ཡོད། རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པའི་ལམ་སྲོལ་བཙུགས་ཏེ། མི་དམངས་མང་ཚོགས་ཀྱིས་འབྲེལ་ཡོད་བཅའ་ཁྲིམས་གནད་དོན་ལ་དོ་ཁུར་བྱེད་པའི་དྲི་བར་ཨ་ལན་བསློགས་ཡོད། 
      ས་གནས་མི་དམངས་འཐུས་ཚོགས་བཙུགས་ནས་ལོ་ངོ་40འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་དང་། ཞིང་ཆེན་རིམ་པའི་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་ལས་དོན་སྤེལ་རེས་ཚོགས་འདུ། རྒྱལ་ཡོངས་ས་གནས་ཁྲིམས་འཛུགས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་25པ་བཅས་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཤིང་། ལས་ཀའི་འབྲེལ་གཏུག་ལ་ཤུགས་སྣོན་པ་དང་། ལས་ཀའི་ཉམས་མྱོང་བརྗེ་རེས། ལས་ཀའི་སྒྲིལ་ཤུགས་ཆགས་པ་བཅས་བྱས་ཏེ། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཐུན་མོང་ཐོག་ལེགས་པར་བསྒྲུབས་ཡོད། 
【1】  【2】  【3】  【4】