འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་22ཉིན།

༄༅།།རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ།

——2020ལོའི་ཟླ་5ཚེས་25ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། ལི་ཀྲན་ཧྲུའུ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་11ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
      འཐུས་མི་རྣམ་པ། 
      རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་སྲ་བརྟན་འོག  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི། ཆེད་དོན་ཨུ་ལྷན་ཁག་གི་ཁོངས་མི་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་དོན་མི་སྣ་བཅས་ཀྱིས་རང་འགན་ལྷུར་ལེན་དང་དཀའ་སྤྱད་འབད་བརྩོན་གྱིས་ལས་དོན་བསྒྲུབས་པའི་འབྲས་བུ་ཡིན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་ས་གནས་མི་དམངས་འཐུས་ཚོགས་རིམ་པ་ཁག་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་གཞོགས་འདེགས་དམ་ཟབ་དང་མཉམ་ལས་དམ་ཟབ་བྱས་པའི་འབྲས་བུ་ཡིན་ཞིང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཡིད་ཆེས་གང་ལེགས་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འབྲས་བུ་ཡིན། འདིར་ངས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། 
     རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ཐད་ད་དུང་ཧེ་བག་དང་མི་འདང་ས་འགའ་ཤས་ཡོད་དེ་གཙོ་བོ་ནི། ཁྲིམས་འཛུགས་ལས་དོན་ཁྲོད་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱས་ཚད་འདང་ངེས་མེད་པ་དང་། ཁྲིམས་འཛུགས་སྤུས་ཚད་སྔར་བས་མཐོ་རུ་གཏོང་དགོས་པ། ལྟ་སྐུལ་ལས་དོན་གྱི་ལམ་སྲོལ་དང་བྱེད་སྟངས་འཐུས་ཚང་དུ་གཏོང་དགོས་པ། ལྟ་སྐུལ་གྱི་ཕན་འབྲས་དངོས་སྔར་ལས་ཆེ་རུ་གཏོང་དགོས་པ། འཐུས་མིས་ཁྲིམས་ལྟར་འགན་སྒྲུབ་པར་ཞབས་འདེགས་ཞུ་བའི་ལས་སྒྲུབ་ཆུ་ཚད་མཐོ་རུ་གཏོང་དགོས་པ། འབྲེལ་ཡོད་ལམ་སྲོལ་དང་བྱ་ཐབས་སྔར་བས་ཞིབ་ཚགས་དང་དོན་ཐོག་ཏུ་འཁྱོལ་དགོས་པ། མི་དམངས་འཐུས་ཚོགས་ཀྱི་རྩ་འཛུགས་ལམ་ལུགས་དང་གཞུང་དོན་གྲོས་མོལ་བྱེད་སྲོལ་སྔར་བས་ཆ་ཚང་དང་འཐུས་ཚང་དུ་གཏོང་དགོས་པ་དང་། ལས་ཁུངས་ཀྱི་ལས་ཆོད་སྔར་ལས་མཐོ་རུ་གཏོང་དགོས། རྒྱུན་ལས་ཨུ་ལྷན་གྱིས་འཐུས་མི་དང་ཕྱོགས་སོ་སོའི་བསམ་འཆར་དང་གྲོས་གཞི་ཁེངས་སྐྱུང་ངང་ཉན་ནས་ལས་དོན་ཁག་ལ་མུ་མཐུད་ཤུགས་སྣོན་པ་དང་ལེགས་བཅོས་བྱེད་དགོས། 
     འཐུས་མི་རྣམ་པ།
     ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་རང་རྒྱལ་གྱི་རྒྱལ་ཁབ་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་འབྲས་ཆེན་པོ་དང་དགེ་མཚན་མངོན་གསལ་དོད་པོ་མ་ལག་དང་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱས་ཏེ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་རྩེ་རིམ་ཇུས་འགོད་དང་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་འདེགས་སྐྱོར་བྱེད་པའི་རྩ་བའི་ཆབ་སྲིད་ལམ་ལུགས་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70ཡི་རིང་། རྒྱལ་ཁབ་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་མགྱོགས་པོའི་ཁྲོད་ཀྲུང་གོའི་མི་དམངས་ཀྱིས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ལ་ཁྱད་འཕགས་རང་བཞིན་ཆེན་པོ་དང་གསོན་ཤུགས་ཆེན་པོ་ལྡན་པ་སྔར་བས་གསལ་པོར་རྟོགས་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་ལག་ལེན་གྱི་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ཤིང་། ལམ་ལུགས་ཀྱི་དགེ་མཚན་དེ་རྒྱལ་ཁབ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་བ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ལ་བརྟེན་ནས་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་ལས་དབང་མི་དམངས་ཀྱི་ལག་ཏུ་དམ་པོར་འཛིན་དགོས།
     སླད་ཕྱིན་དུས་རིམ་གཅིག་གི་ལས་འགན་གཙོ་བོ།
     2020ལོར། རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་དགོས། མིག་སྔར། ཕྱིའི་ཁོར་ཡུག་ཛ་དྲག་དང་རྙོག་འཛིང་ཆེ་བ་དང་། རྒྱལ་ནང་གི་སྒྱུར་བཅོས་འཕེལ་རྒྱས་བརྟན་ལྷིང་གི་ལས་འགན་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བས། མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་གནས་ཚུལ་གསར་པ་དང་བླང་བྱ་གསར་པ་མང་པོ་དང་འཕྲད་ཡོད། རྒྱུན་ལས་ཨུ་ལྷན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “འདུ་ཤེས་བཞི་”ཆེ་རུ་གཏོང་བ་དང་། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”ཐུབ་པ་བཅས་བྱེད་དགོས་ཤིང་།   ཏང་གིས་འགོ་ཁྲིད་བྱེད་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་གྱིས་དམ་ཚགས་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར་རྩེ་གཅིག་ཏུ་དམིགས་ཤིང་། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་བཀོད་པ་མཐུན་སྦྱོར་གྱིས་སྐུལ་འདེད་གཏོང་བར་རྩེ་གཅིག་ཏུ་དམིགས་པ།  དབུལ་བྲལ་འགག་སྒྲོལ་གྱི་དམིགས་འབེན་ལས་འགན་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་རྒྱལ་ཕམ་རྟིང་རྩོད་དང་རྒྱལ་ཁ་ཕུ་ཐག་གཅོད་པར་རྩེ་གཅིག་ཏུ་དམིགས་ཤིང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་དུ་སྤེལ་བའི་ལས་དོན་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བར་རམ་འདེགས་བྱེད་པ། བརྟན་པོའི་ངང་འཕེལ་རྒྱས་གཏོང་བའི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་ལྟར་རང་འགན་ལྷུར་ལེན་གྱིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་གྲུབ་འབྲས་གསར་པ་དང་འཕེལ་རྒྱས་གསར་པ་ཟམ་མི་ཆད་པར་ཡོང་བར་སྐུལ་འདེད་གཏོང་དགོས། 
      ད་ལོའི་ཚུན། ཏང་ཀྲུང་དབྱང་གི་སྤྱིའི་བཀོད་སྒྲིག་གཞིར་བཟུང་ནས། རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། གོམ་སྟབས་རྗེས་མའི་ལས་ཀའི་བཀོད་སྒྲིག་གཙོ་བོ་ནི། 
     (གཅིག)  རྩ་ཁྲིམས་ཕྱོགས་ཡོངས་ནས་དོན་འཁྱོལ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས།   རྩ་ཁྲིམས་འགྲེལ་བཤད་ཀྱི་གོ་རིམ་ལམ་སྲོལ་དོན་འཁྱོལ་བྱེད་དགོས། རྩ་ཁྲིམས་དང་མཐུན་མིན་གྱི་ཞིབ་བཤེར་ལས་དོན་ལ་སྐུལ་འདེད་གཏོང་དགོས་པ་དང་། གྲབས་ཐོ་བཀོད་པར་ཞིབ་བཤེར་བྱེད་པའི་ལམ་ལུགས་དང་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། 《ཁྲིམས་སྲོལ་དང་ཁྲིམས་འཛིན་འགྲེལ་བཤད་གྲབས་ཐོ་བཀོད་པར་ཞིབ་བཤེར་ལས་དོན་གྱི་བྱེད་ཐབས་》ལག་བསྟར་ནན་ཏན་བྱེད་པ། གྲབས་ཐོ་བཀོད་པར་ཞིབ་བཤེར་བྱེད་པའི་ཆ་འཕྲིན་ལས་སྟེགས་ཀྱི་ནུས་པ་ཆ་ཚང་བཟོས་ནས་རང་འགུལ་ངང་ཞིབ་བཤེར་བྱེད་པ་དང་ཆེད་དོན་ཞིབ་བཤེར་ལ་ཤུགས་སྣོན་དགོས། རྩ་ཁྲིམས་དྲིལ་སྒྲོག་དང་སློབ་གསོའི་ལས་དོན་ཡག་པོ་སྤེལ་བ་དང་། རྩ་ཁྲིམས་ལ་དམ་བཅའ་བ་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོའི་བྱེད་སྒོ་ལེགས་པར་སྒྲིག་འཛུགས་བྱེད་དགོས། ཁྲིམས་ལྟར་ཀང་སྐྱོང་ཨའོ་སྐྱོང་རྒྱུན་འཁྱོངས་བྱེད་པ་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་རྩ་ཁྲིམས་ཅན་གྱི་སྒྲིག་ལམ་སྲུང་སྐྱོང་བྱེད་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་གྱིས་གཞི་རྩའི་བཅའ་ཁྲིམས་ལ་འགྲེལ་བཤད་རྒྱག་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།  རྒྱལ་ཁབ་ཀྱི་རིམ་ངོས་ནས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཐུས་སྒོ་ཚང་བར་འཛུགས་དགོས་པ་དང་། འབྲེལ་ཡོད་ཁྲིམས་འཛུགས་སྐུལ་འདེད་མགྱོགས་སུ་གཏོང་དགོས། ཐའེ་ཝན་ལས་དོན་ཐད་ཀྱི་སྲིད་དོན་གལ་ཆེན་དང་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ། “ཐའེ་ཝན་རང་བཙན་”གྱི་ཁ་ཕྲལ་སྟོབས་ཤུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་བཀག་སྡོམ་བྱེད་པ། “དགུ་གཉིས་གཅིག་མཐུན་ངོས་འཛིན་”གྱི་རྨང་གཞིའི་ཐོག་མཚོ་འགག་ངོགས་གཉིས་བར་གྱི་འབྲེལ་བ་ཞི་བས་གོང་དུ་སྤེལ་དགོས།
     (གཉིས།)  ཁྱབ་ཁོངས་གལ་ཆེན་གྱི་ཁྲིམས་འཛུགས་ལ་ཤུགས་སྣོན་དགོས།  ད་ལོའི་ཁྲིམས་འཛུགས་ལས་དོན་གྱི་ལས་འགན་ཧ་ཅང་ལྗིད་རྫོབ་ཆེ་བས་སྤུས་ཚད་དང་ལས་ཕྱོད་བར་གྱི་འབྲེལ་བ་སྟངས་འཛིན་ཡག་པོ་བྱེད་པ་དང་། ཁྲིམས་འཛུགས་ལས་དོན་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་གཙོ་ཁྲིད་ནུས་པ་སྔར་ལས་ལེགས་པར་འདོན་སྤེལ་བྱས་ཏེ་ཞིབ་ཚགས་ཅན་དང་། གནད་འཁེལ་ཚད། དམིགས་གཏད་རང་བཞིན་བཅས་མཐོ་རུ་གཏོང་རྒྱུའི་ཐད་ཤུགས་བསྣན་པ་བརྒྱུད། ཁྲིམས་བཙུགས་པ་དག་ལེགས་འགྲུབ་བྱུང་བར་འགན་ལེན་ཏན་ཏིག་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་འབྲི་ཆུ་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་དང་། གྲོང་གསེབ་དར་རྒྱས་ལ་སྐུལ་སྤེལ་གཏོང་ཕྱོགས་སྐོར་གྱི་བཅའ་ཁྲིམས། དུས་ཟོང་སྐོར་གྱི་བཅའ་ཁྲིམས།  ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་སྐོར་གྱི་བཅའ་ཁྲིམས་སོགས་བཟོ་དགོས་པ་དང་། ཆེད་ཁེའི་སྐོར་གྱི་བཅའ་ཁྲིམས་སོགས་བཟོ་བཅོས་རྒྱག་དགོས།  དམངས་འཚོ་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བར་དམིགས་ནས། སྤྱི་པའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་འབུར་ཏུ་འདོན་དགོས་པ་དང་། སྲོག་ཆགས་རིམས་འགོག་སྐོར་གྱི་བཅའ་ཁྲིམས། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་སྐོར་གྱི་བཅའ་ཁྲིམས་དང་། འགོས་ནད་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས། རྒྱལ་མཚམས་འཕྲོད་བསྟེན་རིམས་བཤེར་སྐོར་གྱི་བཅའ་ཁྲིམས། ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་འཇལ་ཕྱོགས་སྐོར་གྱི་བཅའ་ཁྲིམས། ལས་རིགས་སློབ་གསོའི་སྐོར་གྱི་བཅའ་ཁྲིམས་སོགས་ལ་བཟོ་བཅོས་རྒྱག་པ་དང་།  སྤྱི་ཚོགས་སྐྱོབ་རོགས་སྐོར་གྱི་བཅའ་ཁྲིམས་དང་། དམག་ལོག་འགན་སྲུང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་སོགས་བཟོ་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བཅོས་སྐྱོང་ལ་དམིགས་ནས་སྐྱེ་དངོས་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས། གཞི་གྲངས་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་བཟོ་དགོས་པ་དང་། ཉེས་ཁྲིམས་དག་བཅོས་འཆར་ཟིན་(བཅུ་གཅིག)གྲོས་འཆམ་བྱུང་རྒྱུ། སྲིད་འཛིན་ཆད་གཅོད་སྐོར་གྱི་བཅའ་ཁྲིམས། སྲིད་འཛིན་བསྐྱར་གྲོས་སྐོར་གྱི་བཅའ་ཁྲིམས། བདེ་སྐྱོང་དོ་དམ་གྱི་ཆད་པ་གཅོད་ཕྱོགས་སྐོར་གྱི་བཅའ་ཁྲིམས། མི་དམངས་དྲག་ཆས་ཉེན་རྟོག་པའི་སྐོར་གྱི་བཅའ་ཁྲིམས་སོགས་བཟོ་བཅོས་རྒྱག་དགོས། རང་རྒྱལ་གྱི་ཁྲིམས་ཁོངས་ཕྱིར་སྤྱད་འཐུས་པའི་བཅའ་ཁྲིམས་མ་ལག་འཛུགས་རྒྱུ་མགྱོགས་སུ་གཏོང་བར་དམིགས་ནས། ཕྱིར་གཏོང་བཀག་སྡོམ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་བཟོ་བ་དང་། ནག་དངུལ་དཀར་སྒྱུར་ལ་ངོ་རྒོལ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་དང་། ཀྲུང་གོ་མི་དམངས་དངུལ་ཁང་སྐོར་གྱི་བཅའ་ཁྲིམས། ཚོང་ལས་དངུལ་ཁང་སྐོར་གྱི་བཅའ་ཁྲིམས། འགན་བཅོལ་སྐོར་གྱི་བཅའ་ཁྲིམས་སོགས་བཟོ་བཅོས་རྒྱག་དགོས། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བར་དམིགས་ནས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཛུགས་ཁྲིམས་དང་། གཞུང་དོན་གྲོས་མོལ་བྱེད་སྲོལ། འདེམས་བསྐོའི་སྐོར་གྱི་བཅའ་ཁྲིམས། རྒྱལ་དར་སྐོར་གྱི་བཅའ་ཁྲིམས་སོགས་བཟོ་བཅོས་རྒྱག་དགོས། དམངས་དོན་ཁྲིམས་གཞུང་གི་དྲིལ་སྒྲོག་དང་ལག་བསྟར་ལས་དོན་ལེགས་པོར་སྒྲུབ་དགོས། ད་དུང་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་སྤེལ་བྱེད་པའི་དགོས་མཁོ་ལྟར། དབང་བསྐུར་ཆོད་དོན་དང་སྒྱུར་བཅོས་ཆོད་དོན་སོགས་འབྲེལ་ཡོད་ཁྲིམས་འཛུགས་ལས་དོན་ལེགས་པར་བསྒྲུབས་ཏེ། ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་ཁྲིམས་འཛུགས་ལས་འགན་གལ་ཆེན་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་ཁྲིམས་འཛུགས་ལས་འགན་ཡོངས་སུ་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱེད་དགོས། 
     (གསུམ།)  ཁྲིམས་ལྟར་ལྟ་སྐུལ་ལས་དོན་ལེགས་པོར་སྒྲུབ་དགོས།  ལྟ་སྐུལ་ལམ་ལུགས་དང་ལམ་སྲོལ་ཆ་ཚང་བཙུགས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་ནུས་ལྡན་ཡོང་བར་ཁག་ཐེག་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་བཀོད་སྒྲིག་གལ་ཆེན་ལ་དམིགས་ནས་ལྟ་སྐུལ་རྣམ་གྲངས་29སྔོན་ལ་བཀོད་སྒྲིག་བྱས་ཡོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་དམིགས་ནས་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ་དང་། “བརྟན་པོ་དྲུག”གི་ལས་དོན་ལེགས་པར་སྒྲུབ་པ་དང་། “འགན་སྲུང་དྲུག་”གི་ལས་འགན་དོན་འཁྱོལ་བྱེད་པ། གསར་གཏོད་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་དོན་འཁྱོལ་བྱེད་པའི་སྐོར་གྱི་གནས་ཚུལ་སོགས་ལས་དོན་སྙན་ཞུ་16ལ་ཉན་འཇོག་དང་གྲོས་ཞིབ་བྱེད་དགོས་པ་དང་། སྔོན་རྩིས་དང་ངེས་རྩིས་ལ་ཞིབ་བཤེར་ལྟ་སྐུལ་བྱེད་པ་དང་གཞུང་དབང་རྒྱུ་ནོར་ལ་དོ་དམ་དང་ལྟ་སྐུལ་བྱེད་པར་གོམ་གང་མདུན་སྤོས་ཀྱིས་ཤུགས་སྣོན་རྒྱག་དགོས།  རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་ཆོད་དོན་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་སྐོར་གྱི་བཅའ་ཁྲིམས། ས་རྒྱུའི་སྦགས་བཙོག་འགོག་བཅོས་སྐོར་གྱི་བཅའ་ཁྲིམས། དགེ་བ་སྒྲུབ་ཕྱོགས་སྐོར་གྱི་བཅའ་ཁྲིམས། ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས། སྤྱི་པའི་རིག་གནས་ལ་ཞབས་ཞུ་དང་འགན་སྲུང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས། ཞིང་ལས་འཕྲུལ་ཆས་ཅན་ལ་འགྱུར་བར་སྐུལ་འདེད་གཏོང་ཕྱོགས་སྐོར་གྱི་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཁག་6གི་ལག་བསྟར་བྱས་ཚུལ་ཞིབ་བཤེར་བྱེད་དགོས། ས་རྒྱུའི་སྦགས་བཙོག་འགོག་བཅོས་དང་། ཞིབ་བཤེར་བྱས་ནས་རྩད་ཆོད་བྱུང་བའི་གནད་དོན་དག་ཐེར་ཡོ་བསྲང་བྱས་པའི་གནས་ཚུལ་ལ་དམིགས་ནས་ཆེད་དོན་འདྲི་རྩད་སྤེལ་དགོས། “ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་ཀྱི་རྩ་གནད་སྒྲིག་བཟོ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན། སྤྱི་ཚོགས་འགན་བཅོལ་ལམ་ལུགས་སྒྱུར་བཅོས་བྱེད་པ་སོགས་ལ་དམིགས་ནས་ཆེད་དོན་བརྟག་དཔྱད་ཞིབ་འཇུག་5སྤེལ་རྒྱུ། ད་ལོར། རང་རྒྱལ་གྱི་དབུལ་བྲལ་འགག་སྒྲོལ་རྒྱལ་ཕམ་རྟིང་རྩོད་དང་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རླབས་ཆེན་གྱི་བྱ་གཞག་ཀྲུང་ཧྭ་མི་རིགས་དང་མིའི་རིགས་ལོ་རྒྱུས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དེབ་ཐེར་ནང་འགོད་ངེས་ཡིན། རྒྱུན་ལས་ཨུ་ལྷན་གྱིས་འཐབ་ཇུས་ཀྱི་བཀོད་པ་གལ་ཆེན་འདིར་རྩེ་གཅིག་ཏུ་དམིགས་ནས་ལྟ་སྐུལ་ལས་དོན་སྤེལ་བ་བརྒྱུད། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་དུས་ལྟར་མངོན་འགྱུར་ཡོང་བར་འཇོག་དགོས་ངེས་ཀྱི་བྱས་རྗེས་འཇོག་དགོས། 
     (བཞི།) འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་བྱེད་དགོས།  འཐུས་མིའི་འབྲེལ་གཏུག་ལམ་སྲོལ་ཆ་ཚང་བཟོ་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་བྱེད་ཐབས་ཞིབ་ཕྲ་དོན་འཁྱོལ་བྱས་ནས། རྒྱུན་ལས་ཨུ་ལྷན་དང་འཐུས་མིའི་བར་དང་། འཐུས་མི་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་བ་དམ་ཟབ་ཏུ་གཏོང་དགོས། འཐུས་མི་རང་ངོས་ཀྱི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་བསམ་བློ་ཆབ་སྲིད་ཀྱི་ཆུ་ཚད་དང་རང་འགན་ལྷུར་ལེན་གྱི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། འཐུས་མིས་གྲོས་གཞི་དང་གྲོས་འགོ་འདོན་པ་དང་། སྒྲུབ་གཉེར་བྱེད་པ། ལྡོག་ལན་སྤྲོད་པ་བཅས་ཀྱི་ལྷུ་ཚིགས་ཁག་གི་ལས་དོན་ལེགས་བཅོས་བྱས་ཏེ། འཐུས་མིའི་གྲོས་འགོར་ལན་འདེབས་པ་དང་ཁས་ལེན་ཐག་གཅོད་བྱེད་པའི་ལམ་སྲོལ་དོན་འཁྱོལ་བྱེད་དགོས་པ་དང་། རྗེས་སྙེག་སྐུལ་སྤེལ་དམ་འཛིན་བྱེད་དགོས། རྒྱུན་ལས་ཨུ་ལྷན་དང་ཆེད་དོན་ཨུ་ཡོན་ལྷན་ཁང་། ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་ནང་འཐུས་མི་ཞུགས་རྒྱ་ཆེ་རུ་གཏོང་དགོས་པ་མ་ཟད་ལེགས་བཅོས་བྱས་ནས། འཐུས་མིས་བཏོན་པའི་བསམ་འཆར་དང་གྲོས་འགོ་ནན་ཏན་གྱིས་ཉན་འཇོག་དང་དང་ལེན་བྱེད་དགོས། འཐུས་མིས་གཟིགས་ཞིབ་དང་བརྟག་དཔྱད་ཞིབ་འཇུག་བྱེད་པ་སོགས་ཀྱི་ལས་དོན་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས། འཐུས་མིའི་སློབ་སྦྱོང་གསོ་སྦྱོང་གི་དམིགས་གཏད་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས། འཐུས་མིས་འགན་སྒྲུབ་པའི་ཆ་འཕྲིན་ཅན་གྱི་ལས་སྟེགས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། 
     (ལྔ།)  ཕྱི་ཕྱོགས་ཀྱི་ལས་དོན་ཧུར་ཐག་གིས་སྤེལ་དགོས།  ཕྱི་ཕྱོགས་དང་འགྲོ་འོང་བྱེད་པའི་ཐད་ཀྱི་མི་དམངས་འཐུས་ཚོགས་ཀྱི་དམིགས་བསལ་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ཕྱི་འབྲེལ་གྱི་སྤྱི་ཡོངས་ལ་ཞབས་ཞུ་བྱེད་དགོས། མཐོ་རིམ་འགྲོ་འོང་ལ་ཤུགས་བསྣན་ནས་ཕྱི་ཕྱོགས་དང་འགྲོ་འོང་བྱེད་རིང་ཆེད་དོན་ཨུ་ཡོན་ལྷན་ཁང་དང་། མཛའ་མཐུན་ཚོ་ཆུང་། ལས་ཀའི་སྒྲིག་གཞི་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། ལམ་སྲོལ་སྤེལ་རེས་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་། དབྱི་ཧུའེ་གྲོས་ཚོགས་ཀྱི་ཕྱོགས་མང་མཉམ་ལས་ནང་ཧུར་ཐག་གིས་ཞུགས་པ།  སྤྱི་པའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ཐད་ཀྱི་སྤེལ་རེས་ལ་ཤུགས་སྣོན་བྱས་ནས། རྒྱལ་ཁབ་ཁག་གི་འབྲེལ་བ་འཕེལ་རྒྱས་ཡོང་བ་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། 
     (དྲུག)  རྒྱུན་ལས་ཨུ་ལྷན་གྱི་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།  “ཐོག་མའི་བསམ་འདུན་མ་བརྗེད་ཅིང་། འགན་འཁྲི་ཡིད་ལ་བརྟན་པོར་འཆིང་བ་”སྐོར་གྱི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་དང་། ལས་ཀའི་སྤྱོད་ཚུལ་ལེགས་བཅོས། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བཅས་བྱེད་དགོས། གཞུང་དོན་གྲོས་མོལ་གྱི་གོ་རིམ་དང་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་གཞུང་ལུགས་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། མི་དམངས་འཐུས་ཚོགས་ཀྱི་གསར་འགྱུར་གླེང་ཕྱོགས་ལས་དོན་ལེགས་བཅོས་བྱེད་དགོས། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ལས་ཁུངས་འཛུགས་སྐྲུན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམིགས་ནས། ས་གནས་མི་དམངས་འཐུས་ཚོགས་དང་འབྲེལ་བ་བྱེད་པར་ཤུགས་སྣོན་པ་དང་། མི་དམངས་འཐུས་ཚོགས་ལས་དོན་གྱི་སྤྱིའི་ཕན་ནུས་ཆེ་རུ་གཏོང་དགོས།
     འཐུས་མི་རྣམ་པ། 
     ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་རྒྱལ་ཁ་འཐོབ་ཉེ་ལ་ཡོད་པ་དང་། མི་རིགས་བསྐྱར་དར་གྱི་འོད་སྟོང་ལྡན་པའི་མདུན་ལྗོངས་ཀྱིས་མི་རྣམས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་འདེད་གཏོང་བཞིན་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། སེམས་ཤུགས་གཅིག་སྒྲིལ། བརྩོན་པ་ལྷུར་ལེན། དུས་ཚོད་སྐར་ཆ་གཅིག་ཀྱང་བརྩོན་ལེན་བྱེད་པ་དང་། མངགས་བཅོལ་གལ་ཆེན་སྟོང་ཟད་དུ་མི་གཏོང་བར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། “ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་བརྩོན་ལྷུར་ལེན་བྱེད་དགོས།(ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་མཁོ་འདོན་བྱས།)
【1】  【2】  【3】  【4】