མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་08ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་དང་ཁེ་ལས་ལ་རོགས་རམ་བྱས་ནས་དཀའ་ངལ་ལས་སྒྲོལ་བའི་སྲིད་ཇུས་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་གྱི་སྙན་སེང་ གསན་པ་དང་འབྲེལ་ཡོད་སྲིད་ཇུས་བཏོན་པ་དང་འབྲེལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ ནས་ཁེ་ལས་བརྟན་པོ་དང་ལས་ཞུགས་འགན་ལེན་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་6ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་དང་ཁེ་ལས་ལ་རོགས་རམ་བྱས་ནས་དཀའ་ངལ་ལས་སྒྲོལ་བའི་སྲིད་ཇུས་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་གྱི་སྙན་སེང་གསན་པ་དང་འབྲེལ་ཡོད་སྲིད་ཇུས་བཏོན་པ་དང་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ཁེ་ལས་བརྟན་པོ་དང་ལས་ཞུགས་འགན་ལེན་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་རེད།
     ཚོགས་འདུའི་ཐོག་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་ཁེ་ལས་ལ་རོགས་རམ་བྱས་ནས་དཀའ་ངལ་ལས་སྒྲོལ་རྒྱུར་སྐུལ་འདེད་གཏོང་བར་དམིགས་ནས། གནད་འཁེལ་དང་། ནུས་ལྡན། དུས་ཐོག་བཅས་ཀྱི་སྒོ་ནས་ཕྱོགས་བརྒྱད་ཀྱི་སྲིད་ཇུས་དང་བྱེད་ཐབས་དོན་ཚན་90བཏོན་ཡོད། གཙོ་བོ་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་རིན་ཐང་འཕར་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་ཚད་མང་དུ་གཏོང་རྒྱུ་དང་། རིམས་ནད་ཀྱི་ཤུགས་རྐྱེན་ཆེ་ཙམ་ཕོག་པའི་འགྲིམ་འགྲུལ་སྐྱེལ་འདྲེན་དང་། བཟའ་བཏུང་། ཡུལ་སྐོར་སོགས་ལས་རིགས་ཁེ་ལས་ཀྱི་གྱོང་གུན་རྩིས་མཇུག་བསྒྲིལ་ནས་རྩིས་ཁུངས་སྤོ་བའི་ལོ་ཚད་ལོ་5ནས་ལོ་8བར་རིང་དུ་གཏོང་རྒྱུ། ཁེ་ལས་ཁག་གིས་འཇལ་དགོས་པའི་རྒན་གསོ་དང་། ལས་ཤོར། ལས་རྨས་བཅས་སྤྱི་ཚོགས་འགན་བཅོལ་གསུམ་གྱི་གྲོན་དངུལ་ཆག་ཡང་དང་རྩ་ཆག་བཏང་ནས་ལོ་སྟོད་དུ་སྒོར་དུང་ཕྱུར་6000ཟིན་རྒྱུ་དང་ལས་ཤོར་འགན་བཅོལ་དང་ལས་བརྟན་གྱོང་གསབ་སྲིད་ཇུས་ལག་བསྟར་བྱས་ནས་ལས་བཟོ་ཁྲི་8400ལྷག་ཙམ་ལ་ཕན་འདོགས་རྒྱུ། གཞུང་ལམ་གྱི་གྲོན་དངུལ་སྒོར་དུང་ཕྱུར་1400ལྷག་ཙམ་རྩ་ཆག་གཏོང་བ་དང་གློག་རིན་དང་སོལ་རླངས་ཀྱི་རིན་གོང་བཅག་ནས་ལོ་སྟོད་དུ་ཁེ་ལས་ཀྱི་ཁུར་པོ་སྒོར་དུང་ཕྱུར་670ཉུང་དུ་གཏོང་རྒྱུ། ཚད་གཞི་དམའ་རུ་གཏོང་བའི་བྱེད་ཐབས་ལག་བསྟར་བྱས་ནས་མ་དངུལ་སྒོར་དུང་ཕྱུར་ཁྲི་1.75གཏོང་རྒྱུ། ཆེད་དོན་དངུལ་བུན་སླར་ཡང་གཏོང་བ་དང་སླར་ཡང་སྐྱེད་ཀ་གསབ་པ་དང་གཞུང་ཁོངས་དངུལ་ཁང་ཆེ་གྲས་ཀྱིས་འབོར་ཉུང་དངུལ་བུན་གཏོང་རྒྱུར་སྐུལ་ལྕག་དང་སྲིད་ཇུས་རང་བཞིན་གྱི་དངུལ་ཁང་གི་ཆེད་དོན་ཡིད་རྟོན་དངུལ་བུན་གཏོང་ཚད་མང་དུ་གཏོང་བ་སོགས་བྱས་ནས་ཁེ་ལས་དང་ལྷག་པར་དུ་ཁེ་ལས་འབྲིང་གྲས་དང་ཕྲན་ཚེགས་ཁེ་ལས་དང་དེ་བཞིན་ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་མ་གནས་ཆུང་བའི་དངུལ་བུན་སྒོར་དུང་ཕྱུར་ཁྲི་2.85གཏོང་རྒྱུ། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཁྲི་110ལྷག་ཙམ་གྱི་དངུལ་བུན་གྱི་མ་གནས་སྐྱེད་ཀ་སྒོར་དུང་ཕྱུར་ཁྲི་1བརྒལ་མཁན་ལ་མ་གནས་འཇལ་བའམ་ཡང་ན་སྐྱེད་ཀ་སྤྲོད་པའི་དུས་ཚོད་ནར་འགྱངས་བྱ་རྒྱུ། དཔྱིད་རྨོད་ཐོན་སྐྱེད་དང་འབྲོག་ལས་འཕེལ་རྒྱས་སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་བཅས་ཚུད་ཡོད། གོང་གསལ་བྱེད་ཐབས་ལས་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་བཞིན་ཡོད་ལ། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་རིམ་བཞིན་རྒྱུན་གཏན་གྱི་ཆུ་ཚད་དུ་སླེབས་པ་མ་ཟད། ཁེ་ལས་ཀྱི་དཀའ་ངལ་ཐག་གཅོད་བྱུང་ཁར་དཔལ་འབྱོར་དང་སྤྱི་ཚོགས་འཁོར་སྐྱོད་རིམ་བཞིན་བརྟན་དུ་སོང་ཡོད།
     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། “འགན་ལེན་དྲུག”གི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ“བརྟན་པོ་དྲུག”ལས་དོན་གྱི་ཤུགས་རྒྱག་སར་བྱས་ཏེ། དཔལ་འབྱོར་གྱི་རྨང་གཞི་བརྟན་དུ་གཏོང་དགོས། བཏོན་ཟིན་པའི་ཁེ་ལས་ལ་རྒྱབ་སྐྱོར་དང་ལྷག་པར་དུ་ཁེ་ལས་ཆུང་གྲས་དང་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་བཅས་དཀའ་ངལ་ལས་སྒྲོལ་ནས་འཕེལ་རྒྱས་ཡོང་བའི་སྲིད་ཇུས་ཁག་སྔར་བས་དོན་འཁྱོལ་ཞིབ་ཚགས་བྱས་ཏེ་ཁེ་ལས་ལ་དངོས་ཕན་དེ་བས་མང་པོ་ཐོབ་པ་དང་། ལས་ཞུགས་ལས་གནས་བརྟན་པོ། རིམས་ནད་དབང་གིས་ཞིང་པ་ལས་མི་ཚུད་པའི་ངལ་རྩོལ་པ་ལས་ཞུགས་དང་ཡོང་འབབ་གསོག་རྒྱུར་ཤུགས་རྐྱེན་ཕོག་ཚད་ཆུང་དུ་གཏོང་བ་བཅས་བྱས་ཏེ་གཞི་རྩའི་དམངས་འཚོ་འགན་ལེན་བྱེད་དགོས། ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ནས་ཐབས་མང་མཉམ་སྤྱོད་ཀྱིས་འཛད་སྤྱོད་འཕར་རྒྱུར་སྐུལ་འདེད་གཏོང་དགོས།
     ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། དུས་བབ་ཀྱི་འགྱུར་ལྡོག་དང་ཁེ་ལས་ཀྱི་རེ་བར་གཞིགས་ནས། དུས་ཐོག་ཏུ་འབྲེལ་ཡོད་སྲིད་ཇུས་འདོན་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་སྟེ། གཅིག་ནས་མིག་སྔར་རིམས་ནད་ད་དུང་མཇུག་འགྲིལ་མེད་པའི་གནས་ཚུལ་ལ་དམིགས་ནས་ཁེ་ལས་ཆུང་གྲས་དང་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་གིས་ཐོབ་ཁྲལ་འཇལ་རྒྱུ་ནར་འགྱངས་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་མཁོ་སྤྲོད་འགན་ལེན་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་ཁྲལ་གྲོན་སྲིད་ཇུས་ལག་བསྟར་གྱི་དུས་བཅད་རིང་དུ་གཏོང་དགོས་པ་དང་། གཉིས་ནས་ལོ་འགོར་བཏང་བའི་ས་གནས་སྲིད་གཞུང་གི་ཆེད་དོན་དངུལ་བུན་སྒོར་དུང་ཕྱུར་ཁྲི་1.29ཡི་རྨང་གཞིའི་ཐོག་གོ་རིམ་གཞིར་བཟུང་སླར་ཡང་སྔ་སྣུར་དུ་སྒོར་དུང་ཕྱུར་ཁྲི་1གི་ཆེད་དོན་དངུལ་བུན་མང་དུ་བཏང་ནས་ཟླ་བ་ལྔ་པའི་ཟླ་མཇུག་ཏུ་བཏང་ཚར་བ་བྱེད་དགོས་པ། གསུམ་ནས་ཁེ་ལས་བརྟན་པོ་དང་ལས་ཞུགས་འགན་ལེན་གྱི་དངུལ་རྩའི་རྒྱབ་སྐྱོར་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ། ལས་ཞུགས་ལས་གནས་བརྟན་པའི་ཁེ་ལས་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ལ་མ་གནས་འཇལ་བ་དང་སྐྱེད་ཀ་གསབ་པའི་སྲིད་ཇུས་ཀྱི་དུས་ཚོད་འོས་འཚམ་ངང་རིང་དུ་གཏོང་བ་དང་དེའི་ཐབས་ལམ་སྣ་ཚོགས་ཀྱི་མ་རྩ་བསྡུ་སྒྲིལ་ལ་རྒྱབ་སྐྱོར་བྱེད་པ་དང་ཆབས་ཅིག སྲིད་ཇུས་བྱེད་ཐབས་གསར་གཏོད་བྱས་ཏེ་དངུལ་ཁང་གིས་ཡིད་རྟོན་དངུལ་བུན་དེ་བས་མང་པོ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། 

  
style="display:none;"