མི་དམངས་དྲ་བ།

༄༅༎ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་07ཉིན། 11:45】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

༄༅༎ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་ལས་དོན་སྙན་སེང་གསན་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྒྲིག་
                                                       སྲོལ་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུའི་སྐོར་ལ་ཞིབ་འཇུག་བྱས་པ།
                                           ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
     མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་6ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་ལས་དོན་སྙན་སེང་གསན་པ་དང་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུའི་སྐོར་ལ་ཞིབ་འཇུག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
     ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གིས་ཧུའུ་པེ་སོགས་རིམས་ནད་ཚབས་ཆེ་བའི་ས་ཁུལ་དུ་མཛུབ་ཁྲིད་ཚོགས་ཆུང་མངགས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་མ་བཏང་སྟེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོའི་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་གཏན་འབེབས་བྱས་ཡོད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གིས་ཧུའུ་པེའི་མི་དམངས་དང་ཝུའུ་ཧན་གྱི་མི་དམངས་དང་དཔུང་པ་མཉམ་གཤིབ་ངང་དམག་འཐབ་བྱས་པ་དང་། འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་དང་། ནད་པ་སྐྱོབ་བཅོས། དངོས་ཟོག་འགན་ལེན་བཅས་གཙོ་གནད་ཁག་གསུམ་ལ་དམ་འཛིན་ཡག་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་རིམས་ནད་མཆེད་རྒྱུ་ཚོད་འཛིན་བྱས་ནས། རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་དང་པོ་བརྟན་སྲུང་ཧུར་ཐག་བྱས་པས། ཀྲུང་གོའི་སྟོབས་ཤུགས་དང་། ཀྲུང་གོའི་སྙིང་སྟོབས། ཀྲུང་གོའི་ལས་ཕྱོད་བཅས་མངོན་པར་བྱས་ཡོད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས།
     ཞི་ཅིན་ཕིང་གིས་མིག་སྔར་ཕྱི་རྒྱལ་དུ་རིམས་ནད་ཁྱབ་མཆེད་ཀྱི་གནས་ཚུལ་བཀག་འགོག་ནུས་ལྡན་ཐུབ་མེད་པ་དང་། རྒྱལ་ནང་གི་ས་ཁུལ་ཁ་ཤས་སུ་གཅིག་སྡུད་རང་བཞིན་གྱི་རིམས་ནད་ཐོན་གྱི་ཡོད་པས། ཏོག་གསར་གློ་ཚད་རིམས་ནད་ལ་ད་དུང་གཏན་འཁེལ་མེད་པའི་རང་བཞིན་ཆེན་པོ་ལྡན་ཡོད། ཧུའུ་པེ་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དེ་འཕྲལ་སྡོམ་ཅན་གྱི་རྒྱུན་གཏན་ལས་བརྒལ་བའི་སྔོན་འགོག་དང་ཚོད་འཛིན་ནས་རྒྱུན་གཏན་ཅན་གྱི་སྔོན་འགོག་དང་ཚོད་འཛིན་ཕྱོགས་སུ་བསྒྱུར་མོད། འོན་ཀྱང་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དེ་ལྷོད་དུ་གཏོང་བ་དང་མཚམས་འཇོག་བྱེད་ཆོག་པ་མཚོན་གྱི་མེད། ཏང་ཀྲུང་དབྱང་གིས་མུ་མཐུད་འབྲེལ་གཏུག་ཚོགས་ཆུང་མངགས་ནས་ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྗེས་མཐུད་ལས་དོན་ལ་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་གཏན་འབེབས་བྱས་ཡོད། དྲག་སྐྱེད་བྱུང་བའི་ནད་པའི་བདེ་ཐང་དང་སེམས་ཁམས་གསོ་བའི་ལས་དོན་ལ་མུ་མཐུད་མཛུབ་ཁྲིད་ཡག་པོ་བྱེད་དགོས་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཕྱི་ནས་རིམས་ནད་འགོ་རྒྱུ་སྔོན་འགོག་དང་ནང་དུ་རིམས་ནད་བསྐྱར་ཐོན་བྱ་རྒྱུ་འགོག་དགོས། ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་པ་ལས་རྐང་རྗེས་ལག་སུབ་གཏན་ནས་བྱེད་མི་རུང་། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཐུན་སྦྱོར་དང་སྐུལ་འདེད་གཏོང་བ་དང་དུས་མཚུངས་ཧུའུ་པེ་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྲིད་ཇུས་རབ་དང་རིམ་པ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་ནས་ཐོན་སྐྱེད་དང་འཚོ་བའི་རྒྱུན་གཏན་སྒྲིག་ལམ་མགྱོགས་མྱུར་སླར་གསོ་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལག་ལེན་ཁྲོད་སྤྱོད་གོ་ཆོད་པའི་བྱེད་ཐབས་དུས་ཐོག་ཏུ་ཕྱོགས་སྡོམ་དང་བེད་སྤྱོད་ཡག་པོ་བྱས་ཏེ། མངོན་པའི་གནད་དོན་ལ་དམིགས་ནས་ཞན་ཆ་གསབ་པ་དང་། སྐྱོན་ཆ་འགོག་པ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་བྱས་ནས། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་མཐུན་སྦྱོར་ཡོང་བ་དང་། ནད་ཡམས་སྔོན་འགོག་དང་ཚོད་འཛིན་མ་ལག་སྒྱུར་བཅོས་བྱེད་པ། རིམས་ནད་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡའི་ནུས་པ་ཆེ་རུ་གཏོང་བ། སྤྱི་པའི་འཕྲོད་བསྟེན་འཕྲལ་སྡོམ་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ། རིམས་ནད་ཚབས་ཆེན་དང་སྤྱི་པའི་འཕྲོད་བསྟེན་འཕྲལ་སྡོམ་དོ་དམ་དང་སྐྱོབ་བཅོས་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། སྔོན་འགོག་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱི་བྱེད་སྟངས་དང་བྱ་ཐབས་གསར་གཏོད་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ། སྤྱི་པའི་འཕྲོད་བསྟེན་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། བདེ་ཐང་གི་ཤེས་བྱ་ཁྱབ་གདལ་ཤུགས་ཆེན་གཏོང་བ། ཚུལ་ལྡན་སྐྱོན་བྲལ་དང་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ་བཅས་བྱེད་དགོས།
     ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་ཡོད་པ་རེད།

  
style="display:none;"