མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་12ཉིན། 12:30】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་ཕྱི་ཕྱོགས་ཚོང་དོན་བྱ་ཐབས་སྔར་བས་བརྟན་དུ་བཏང་སྟེ་སྒོ་དབྱེ་ཤུགས་ཆེར་གཏོང་བར་བརྟེན་ནས་དཔལ་འབྱོར་འཕར་བ་དང་ལས་ཞུགས་བརྟན་པོ་ཡོང་རྒྱུར་རོགས་སྐྱོར་བྱེད་དགོས་པའི་གཏན་འཁེལ་དང་། སྤྱི་ཚོགས་འགན་བཅོལ་གྱི་གྲོན་ཚད་དམའ་རུ་གཏོང་བའི་ལས་དོན་ལེགས་པར་བསྒྲུབ་རྒྱུའི་བླང་བྱ་བཏོན་པ། གཞུང་ཁོངས་མ་རྩ་ཁག་གཅིག་སྤྱི་ཚོགས་འགན་བཅོལ་ཐེབས་རྩར་བསྒྱུར་བའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་རྒྱུའི་གཏན་འབེབས། ཀྲུང་དབྱང་གི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཀྱི་གཏོང་ཡོང་རྩིས་བཤེར་གཞན་དག་ལ་ཞིབ་བཤེར་ཐུབ་པའི་གནད་དོན་དག་ཐེར་གྱི་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།
     ཚོགས་འདུའི་ཐོག“བརྟན་པོ་དྲུག”སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཕྱི་ཕྱོགས་ཚོང་དོན་བརྟན་པོ་ཡོང་བའི་བླང་བྱ་དོན་འཁྱོལ་བྱེད་དགོས་པ་དང་། འགག་རྩ་ནི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཁྲོམ་ར་ཅན་གྱི་སྒྱུར་བཅོས་བྱེད་པ་དང་དཔལ་འབྱོར་གྱི་བྱ་ཐབས་སྤྱད་དེ་ཁེ་ལས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་དགོས་ཞེས་བསྟན་པ་དང་། ཚོགས་འདུའི་ཐོག་ཕྱི་ཕྱོགས་ཚོང་དོན་སྔར་བས་བརྟན་པོ་ཡོང་བར་བྱེད་པའི་བྱ་ཐབས་གཏན་འཁེལ་བྱས་པ་སྟེ། གཅིག་ནས་ནོར་ཁྲལ་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ནང་འདྲེན་སྒོ་ཁྲལ་གྱི་སྤྱིའི་ཆུ་ཚད་མུ་མཐུད་དམའ་རུ་གཏོང་རྒྱུར་ཞིབ་འཇུག་བྱས་ནས་ཕྱིར་གཏོང་ཁྲལ་སློག་གི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ་ཁྲལ་སློག་གི་ལས་སྒྲུབ་གོ་རིམ་མགྱོགས་སུ་གཏོང་དགོས་པ་དང་། གཉིས་ནས་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཕྱིར་གཏོང་གི་ཡིད་རྟོན་འགན་བཅོལ་ནུས་པ་བཏོན་ནས་ཁྱབ་རྒྱ་ཆེ་རུ་དང་འགན་བཅོལ་གྲོན་ཚད་དམའ་རུ་ལུགས་མཐུན་བཏང་སྟེ་ཁེ་ལས་ཀྱི་དགོས་མཁོ་དང་མཐུན་པའི་ཆེད་དོན་འགན་བཅོལ་རིགས་འདོན་རྒྱུར་ཞིབ་འཇུག་བྱེད་དགོས་པ། དངུལ་རྩའི་སྒྲིག་གཞིས་ཁེ་ལས་འབྲིང་ཆུང་ལ་ཕྱི་ཕྱོགས་ཚོང་དོན་གྱི་མ་དངུལ་བསྡུ་སྒྲིལ་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས། ཆ་རྐྱེན་བསྐྲུན་ནས་མི་དམངས་ཤོག་སྒོར་མཇུག་རྩིས་སྟབས་བདེར་གཏོང་དགོས་པ། གསུམ་ནས་ས་ཁོངས་སྒྲོལ་བའི་དྲ་ཐོག་ཚོང་དོན་དང་ལས་སྣོན་ཚོང་དོན་ཁྲལ་སྲུང་ཉམས་བཟོ་སོགས་ཀྱི་ལས་རྣམ་གསར་པ་འཕེལ་རྒྱས་མགྱོགས་པོ་བཏང་སྟེ་ནང་འདྲེན་ཚོང་དོན་དཔེ་སྟོན་ཁུལ་གཏོད་རྒྱུ། བཞི་ནས་ཚོང་དོན་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ། ཕྱིར་གཏོང་ནང་འདྲེན་ལྷུ་ཚིགས་ཀྱི་ལྟ་འདོམས་ལག་ཁྱེར་སྟབས་བདེ་རུ་གཏོང་བ་དང་། འགག་སྒོ་སྒྲོལ་བའི་དུས་ཚོད་ཐུང་དུ་གཏོང་བ། འགག་སྒོའི་གྲོན་བསྡུ་དམའ་རུ་གཏོང་བ་བཅས་ཀྱི་ཐད་ཚད་བརྒལ་དེ་བས་ཆེ་བ་ཡོང་བ་བྱེད་རྒྱུ་བཅས་རེད། ཚོགས་འདུའི་ཐོག་དུས་བབ་ལ་འགྱུར་ལྡོག་ཕྱིན་པ་དང་ཁེ་ལས་ཀྱིས་དོ་ཁུར་བྱེད་ཡུལ་ལ་གཞིགས་ནས་སྲིད་ཇུས་འདོན་རྒྱུའི་གྲ་སྒྲིག་བྱེད་པ་དང་ཆབས་ཅིག་དུས་ཐོག་ཏུ་བཏོན་ནས་ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ཁྲོད་སྤུས་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
     ཚོགས་འདུའི་ཐོག་སྤྱི་ཚོགས་འགན་བཅོལ་གྱི་གྲོན་ཚད་དམའ་རུ་གཏོང་རྒྱུ་ནི་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་བ་དང་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། མིག་སྔར་རང་རྒྱལ་གྱི་སྤྱི་ཚོགས་འགན་བཅོལ་རིགས་ཁག་གི་ཐེབས་རྩའི་དངུལ་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་ཡོད་པས་དུས་ཐོག་དང་འདང་ངེས་སྤྲོད་རྒྱུའི་འགན་ལེན་ཐུབ་ཡོད། ལོ་སྟོད་དུ་སྤྱི་ཚོགས་འགན་བཅོལ་གྲོན་ཚད་དམའ་རུ་གཏོང་བའི་སྲིད་ཇུས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་དང་། ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ་བཅས་ཀྱི་གྲོན་དངུལ་སྐྱེལ་ཚད་སྒོར་དུང་ཕྱུར་1280ལྷག་ཙམ་ཉུང་དུ་ཕྱིན་ཡོད། གོམ་སྟབས་རྗེས་མར། ངེས་པར་དུ་སྤྱི་ཚོགས་འགན་བཅོལ་གྲོན་ཚད་དམའ་རུ་གཏོང་བའི་འགན་ལེན་བྱེད་པ་དང་། ངེས་པར་དུ་གཞི་རྩའི་རྒན་གསོའི་དངུལ་དུས་ཐོག་དང་འདང་ངེས་སྤྲོད་དགོས་པའི་བླང་བྱར་གཞིགས་ནས་ཁེ་ལས་སུ་སྲིད་ཇུས་དོན་འཁྱོལ་བྱེད་ཚུལ་ཤེས་རྟོགས་བྱེད་པར་བསྐྱོད་པ་དང་གནད་དོན་གསར་པ་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ་སྲིད་ཇུས་ཆད་ལུས་མེད་པར་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། གྲོན་སྐྱེལ་བྱ་ཐབས་བརྟན་དུ་བཏང་ནས་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ཚན་པའི་གྲོན་སྐྱེལ་བསྡུར་གྲངས་16%ལས་མི་མཐོ་བ་དོན་འཁྱོལ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཞིང་ཆེན་ཁག་གཅིག་ཏུ་གནས་པའི་ཞིང་ཆེན་ནང་ཁུལ་གྱི་གྲོན་ཚད་དང་གྲོན་སྐྱེལ་གཞི་གྲངས་ཚད་གཞི་གཅིག་གྱུར་མིན་པ་སོགས་ཀྱི་གནད་དོན་ལ། འདི་ལོ་རྩ་དོན་ཐོག་སྲིད་ཇུས་ཐད་ལེགས་སྒྲིག་བྱེད་རྒྱུ་མིན། ས་གནས་ཁག་གིས་གཞི་རྩའི་རྒན་གསོའི་དངུལ་སྤྲོད་པའི་བྱེད་པོའི་འགན་འཁྲི་ཏན་ཏིག་ཁུར་ནས་དུད་ཚང་གཅིག་ཀྱང་མི་ལུས་པ་བྱེད་དགོས། དེ་དང་ཆབས་ཅིག་ཞིང་ཆེན་རིམ་པའི་སྤྱི་འདོམས་ལ་སྐུལ་འདེད་བརྟན་པོ་གཏོང་དགོས་ཞེས་བསྟན་པ་རེད།
     སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་རྒྱུན་མཐུད་རང་བཞིན་ཆེ་རུ་བཏང་ནས་རྒན་གསོའི་སྤྱི་ཚོགས་འགན་སྲུང་གི་ལམ་ལུགས་རྨང་གཞི་སྔར་བས་བརྟན་དུ་གཏོང་ཆེད། ཚོགས་འདུའི་ཐོག་འདི་ལོ་ཀྲུང་དབྱང་དང་ས་གནས་དང་དེ་བཞིན་གཞུང་ཁོངས་མ་རྐང་ཚོད་འཛིན་ཁེ་ལས་ཆེ་འབྲིང་དང་དངུལ་རྩའི་སྒྲིག་གཞིའི་གཞུང་ཁོངས་རྐང་དབང་10%ཕྱོགས་ཡོངས་ནས་སྤྱད་དེ་སྤྱི་ཚོགས་འགན་བཅོལ་ཐེབས་རྩ་ལྷན་ཚོགས་དང་ས་གནས་ཀྱི་འབྲེལ་ཡོད་སྦྲེལ་མཐུད་བྱེད་པོར་བསྒྱུར་དགོས་པ་དང་ཆབས་ཅིག་ནོར་དོན་མ་འཇོག་མཁན་ལ་བརྩིས་ནས་གཏན་འབེབས་གཞིར་བཟུང་ཕན་པ་ཐོབ་དབང་སོགས་ཀྱི་དབང་ཆ་ལོངས་སྤྱོད་བྱེད་ཆོག་པའི་གཏན་འབེབས་བྱས་པ་རེད།

  
style="display:none;"