མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས"2017ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས"ལ་ཞུགས་མཁན་ཕྱི་རྒྱལ་
གྱི་སྐུ་མགྲོན་ཚོར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་02ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གིས'2017ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས'ལ་ཞུགས་མཁན་ཕྱི་རྒྱལ་
གྱི་སྐུ་མགྲོན་ཚོར་མཇལ་འཕྲད་གནང་བ།

          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར“2017ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”ལ་ཞུགས་པར་ཕེབས་མཁན་འཛམ་གླིང་གཙོ་འཛིན་མནའ་འབྲེལ་གྱི་ཁོངས་མིར་མཇལ་འཕྲད་གནང་བ་རེད།
        ཞི་ཅིན་ཕིང་གིས་ཀྲུང་གོའི་འཕེལ་རྒྱས་ཀྱི་འགྲོ་ལམ་དང་དེ་བཞིན་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཞུགས་པའི་ཀྲུང་གོའི་རྩ་དོན་དང་འདོད་ཚུལ་གཙོ་གནད་དུ་ངོ་སྤྲོད་གནང་བ་དང་འབྲེལ་ཕྱི་རྒྱལ་གྱི་སྐུ་མགྲོན་འཐུས་མི་ཚོའི་གཏམ་བཤད་ཀྱང་གསན་གནང་བ་རེད།
         ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་འཕེལ་རྒྱས་ཀྱི་འགྲོ་ལམ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དེ་རེད། ང་ཚོ་འགྲོ་ལམ་དེའི་ཐོག་བསྐྱོད་རྒྱུ་ནི་ལོ་རྒྱུས་ཀྱི་གདམ་ག་དང་མི་དམངས་ཀྱི་གདམ་ག་ཞིག་རེད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་དང་ལྷག་པར་དུ་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40ལྷག་ཙམ་སོང་རིང་། ཀྲུང་གོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པར་གྱུར་བ་དང་། མི་དམངས་དུང་ཕྱུར་13གྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། མི་དུང་ཕྱུར་7ལྷག་ཙམ་དབུལ་སྒྲོལ་ཐུབ་ཡོད། ལག་ལེན་ནི་བདེན་དོན་ཞིབ་དཔྱད་བྱེད་པའི་ཚད་གཞི་ཉག་ཅིག་ཡིན། ཀྲུང་གོར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་མཐའ་འཁྱོངས་བྱེད་པའི་ང་ཚོའི་གདེང་ཚོད་བརྟན་དུ་ཕྱིན་ཡོད། ངས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ལོ་བཅུ་གྲངས་འགའ་ཤས་ཀྱི་འཕེལ་རྒྱས་བརྒྱུད་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་པར་སླེབས་པ་དང་། ཀྲུང་གོའི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དེ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་འཕེལ་རྒྱས་དབར་གྱི་འགལ་བར་འགྱུར་ཡོད། སྔོན་ཆད་ང་ཚོས“ཡོད་མེད”ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པ་དང་ད་ཆ“ཡག་ཉེས”ཀྱི་གནད་དོན་ཐག་གཅོད་བྱེད་དགོས། ང་ཚོས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་སྟེ་མི་དམངས་ཀྱི་ཕྱོགས་མང་པོའི་ཐད་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་དགོས་མཁོ་སྔར་བས་སྐོང་བ་དང་། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུ་དང་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་སྔར་བས་ཡག་པ་གཏོང་དགོས། 2050ལོར་སླེབས་སྐབས། ང་ཚོས་ཀྲུང་གོ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས་ལུགས་བཏོན་པ་ཡིན།
         ཞི་ཅིན་ཕིང་གིས་བཏོན་དོན། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་ཀྲུང་གོའི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྱོང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བཅས་ཀྱི་ཐད་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། ང་ཚོས་མི་རྩ་བར་འཛིན་རྒྱུ་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་དགོས་ལུགས་བཏོན་ཡོད། ང་ཚོས་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་བ་བརྒྱུད་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་ནུས་པ་ཆེ་རུ་གཏོང་བ་དང་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་རྒྱུ་ཡིན། ང་ཚོས་རིམ་པ་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལག་བསྟར་བྱས་ནས་ཕྱོགས་ཡོངས་ནས་སྒོ་མོ་འབྱེད་པའི་རྣམ་པ་གསར་པ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོས་སྒོ་མོ་རྒྱག་མི་སྲིད་པར་དེ་ལས་ལྡོག་སྟེ་སྒོ་མོ་ནམ་ཡང་ཡངས་པོར་འབྱེད་རྒྱུ་ཡིན། ང་ཚོའི་དམིགས་ཚད་ནི་ཧ་ཅང་རླབས་ཆེན་པོ་ཞིག་རེད་ལ། ཧ་ཅང་བབ་ཆགས་ཤིག་ཀྱང་རེད། དེ་ནི་མཐར་གཏུགས་ན་ཀྲུང་གོའི་མི་དམངས་ཡོངས་རྫོགས་འཚོ་བ་སྔར་བས་ཡག་པ་ཞིག་སྐྱེལ་རྒྱུ་ཡོང་ཆེད་རེད། ང་ཚོའི་དམིགས་ཚད་དེ་མངོན་འགྱུར་ཐུབ་རྒྱུར་ང་ཚོར་ཡིད་ཆེས་ཆེན་པོ་ཡོད།
         ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོས་སྔར་ནས་བཟུང་རྒྱལ་ཁབ་ཁག་གི་མི་དམངས་རྣམས་ལ་སོ་སོའི་འཕེལ་རྒྱས་ཀྱི་འགྲོ་ལམ་གདམ་ག་བྱེད་པའི་དབང་ཆ་ཡོད་པའི་འདོད་ཚུལ་བཅངས་ཀྱི་ཡོད། འཛམ་གླིང་ཐོག་གང་དུ་སྤྱད་ནའང་འཕྲོད་པའི་འཕེལ་རྒྱས་ཀྱི་ལམ་བུ་མེད། གལ་སྲིད་བྱ་བ་ཡོད་དགུ་གཅིག་པ་གཅིག་རྐྱང་ཡིན་ན། བྱ་དངོས་འཕེལ་རྒྱས་དང་འཛམ་གླིང་ཡར་རྒྱས་འགྲོ་མཚམས་ཆད་ངེས་རེད། རྒྱལ་ཁབ་གཅིག་གི་འཕེལ་རྒྱས་ཀྱི་འགྲོ་ལམ་འཚམ་མཐུན་ཡོད་མེད་ནི་རྒྱལ་ཁབ་དེའི་མི་དམངས་ལ་གཞི་ནས་སྐད་ཆ་ཤོད་དབང་ཡོད། ཀྲུང་གོས་ཤེས་དཔལ་སྣ་མང་རང་བཞིན་ལ་བརྩི་འཇོག་བྱས་ནས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་དར་སྤེལ་གཏོང་གི་ཡོད། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་དང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་སྤེལ་རེས་ཁྲོད་སྐྱོན་སྤངས་དགེ་སྒྲུབ་ཀྱིས་ཐུན་མོང་ཐོག་ཡར་རྒྱས་གཏོང་འདོད་ཡོད།
         ཞི་ཅིན་ཕིང་གིས་བཏོན་དོན། འཛམ་གླིང་ནི་སའི་གོ་ལའི་གྲོང་སྡེ་ཞིག་ཡིན་པས། རྒྱལ་ཁབ་ཁག་ཕན་ཚུན་བརྟེན་གནས་དང་བདེ་སྡུག་མཉམ་དུ་གནས་ཡོད། ཀྲུང་གོས་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་ཐུན་མོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། དེ་ནི་དུས་རབས་གསར་པའི་ཀྲུང་གོའི་ཕྱི་ཕྱོགས་ཀྱི་འབྲེལ་བ་དོན་གཉེར་བྱེད་པའི་དམིགས་ཚད་ཅིག་རེད་ལ། འཛམ་གླིང་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱེད་པའི་ཁ་ཕྱོགས་ཤིག་ཀྱང་རེད། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་ནི་ཕན་ཚུན་བརྩི་འཇོག་དང་། གཞུང་དྲང་དྲང་བདེན། མཉམ་ལས་གཉིས་ཕན་བཅས་ལ་གཙོ་འགན་འཁུར་བ་དང་སྲོལ་རྒྱུན་གྱི་ཆེ་བས་ཆུང་བར་བརྙས་པའི་བྱེད་སྟངས་དེ་དོར་ནས་གླེང་མོལ་བྱེད་པ་ལས་ཁ་གཏད་དུ་མི་ལངས་པ་དང་རོགས་པ་སྒྲིག་པ་ལས་མནའ་འབྲེལ་དུ་མི་ཞུགས་པའི་རྒྱལ་ཁབ་དང་རྒྱལ་ཁབ་དབར་འགྲོ་འོང་བྱེད་པའི་ལམ་བུ་གསར་པ་ཞིག་རེད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བ་ནི་ཡུན་རིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་དབྱེ་ཁོང་ཡངས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་ཞིག་འཛུགས་སྐྱོང་བྱ་རྒྱུ་དེ་རེད། ཀྲུང་གོའི་ཕུགས་འདུན་ནང་ཀྲུང་གོ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་འདོད་བྱེད་པའི་སྤྱིའི་བགོ་གྲངས་ཆེ་ཤོས་གཅིག་ཏུ་འདུས་པ་དང་། མིའི་རིགས་ཀྱི་ཐུན་མོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ནང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཚོས་ཞི་བདེ་དང་། འཕེལ་རྒྱས། དར་རྒྱས་བཅས་རེ་འདོད་བྱེད་པའི་སྤྱིའི་བགོ་གྲངས་ཆེ་ཤོས་གཅིག་ཏུ་འདུས་ཡོད།
         “ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”དེ་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་དང་ཨོ་སི་ཁྲུ་ལི་ཡའི་ཀྲུང་གོའི་མཛའ་གྲོགས་སྤེལ་རེས་མཐུན་ཚོགས་ཀྱིས་2014ལོར་ཐུན་མོང་ཐོག་གསར་གཏོད་བྱས་ནས་རྒྱལ་ཁབ་མང་པོའི་སྲིད་ཕྱོགས་ཀྱི་མི་སྣ་གཙོ་གྲས་ཟུར་པ་དང་། གྲགས་ཅན་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་། ཚོང་ལས་ལས་རིགས་ཀྱི་གཙོ་འཛིན་སོགས་ལས་རིགས་ཁག་གི་མི་སྣ་ཞུགས་རྒྱུར་གདན་དྲངས་ཡོད། “2017ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”དེ་ཟླ་11ཚེས་28ནས་30ཉིན་བར་ཀོང་ཀྲོའུ་རུ་གཉེར་བ་དང་། གླེང་སྟེགས་ཀྱི་བརྗོད་བྱ་གཙོ་བོ་ནི“གོ་ལ་ཧྲིལ་པོའི་བཅོས་སྐྱོང་དང་ཀྲུང་གོའི་འདོད་ཚུལ”ཞེས་པ་དེ་རེད།