མི་དམངས་དྲ་བ།

༄༅།།རྒྱུན་འཁྱོངས་ལྷོད་མེད་ངང“གསང་སྤྱོད་གསར་བརྗེར”སྐུལ་འདེད་བཏང་ནས་མང་
ཚོགས་ཀྱི་འཚོ་བའི་སྤུས་ཚད་ལ་ཤུགས་རྐྱེན་བཟོ་བའི་ཞན་ཆ་ཧུར་ཐག་གསབ་དགོས་
ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་29ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཡུལ་སྐོར་ཁོངས་གཏོགས་སུ“གསང་སྤྱོད་གསར་བརྗེར”སྐུལ་འདེད་གཏོང་བའི་ལས་དོན་ལ་ཐོབ་པའི་ཕན་འབྲས་ཐད་མཛུབ་སྟོན་གལ་ཆེན་གནང་བ་རེད། ཁོང་གིས་ཉེ་བའི་ལོ་གཉིས་ལྷག་ཙམ་རིང་ཡུལ་སྐོར་ཁོངས་གཏོགས་ཀྱིས་རྒྱུན་འཁྱོངས་ལྷོད་མེད་ངང“གསང་སྤྱོད་གསར་བརྗེར”སྐུལ་འདེད་བཏང་བ་དེ་ཐོག་ནས་དངོས་འཛིན་དངོས་སྒྲུབ་ཀྱིས་དོན་དངོས་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པའི་ལས་ཀའི་རྣམ་འགྱུར་དང་སྤྱོད་ཚུལ་མཚོན་ཡོད། ཡུལ་སྐོར་ལས་རིགས་ནི་གསར་དར་ཐོན་ལས་དང་འཕེལ་རྒྱས་འགྲོ་བཞིན་ཡོད་པས“གསང་སྤྱོད་གསར་བརྗེར”དམ་འཛིན་བྱས་པ་ལྟར་མཉེན་ཆས་དང་མཁྲེགས་ཆས་སྣ་ཚོགས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་གསང་སྤྱོད་ཀྱི་གནད་དོན་ནི་དོན་ཆུང་ཞིག་གཏན་ནས་མིན་པར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཤེས་དཔལ་འཛུགས་སྐྱོང་གི་ཆ་ཤས་གལ་ཆེན་ཞིག་ཡིན། དེའི་ཐད་མཛེས་ལྗོངས་ཁུལ་དང་གྲོང་ཁྱེར་གྱིས་དམ་འཛིན་བྱེད་དགོས་པ་མ་ཟད། ད་དུང་གྲོང་གསེབ་ཀྱིས་ཀྱང་དམ་འཛིན་བྱེད་དགོས། ལས་དོན་དེ་གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་ཞིབ་ཕྲའི་ལས་དོན་ཞིག་ཏུ་བརྩིས་ནས་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་པའི་ཞན་ཆ་འདི་ཧུར་ཐག་གསབ་དགོས་ཞེས་གསུངས་པ་རེད།
         2015ལོའི་ཟླ་བ་བཞི་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གསང་སྤྱོད་གསར་བརྗེའི”ཐད་མཛུབ་སྟོན་གལ་ཆེན་གནང་ནས“གསང་སྤྱོད་གསར་བརྗེར”དམ་འཛིན་བྱེད་པ་ནི་ཡུལ་སྐོར་ལས་རིགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་དམ་པ་དོན་གཉེར་གྱི་བྱ་སྤྱོད་ཅིག་ཡིན། འཁྱགས་པ་མཐུག་ཚད་ཁྲེ་ཙེ་གསུམ། ཉིན་གཅིག་གྲང་བས་ཆགས་པ་མིན། “སྤྱོད་ཚུལ་བཞིར”ངོ་རྒོལ་བྱེད་པ་ལྟར་སེམས་ཐག་བཅད་ནས་ཡུལ་སྐོར་ཐད་ཀྱི་ཚུལ་མིན་སྲོལ་ངན་སྣ་ཚོགས་བཅོས་སྒྲིག་བྱེད་དགོས། གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་དམིགས་སའི་རང་བཞིན་གྱི་བྱ་ཐབས་སྤྱད་དེ་བྱ་བ་རེ་རེ་བཞིན་དམ་འཛིན་བྱེད་པ་དང་། དམ་འཛིན་བྱེད་རིམ་བཞིན་སྒྲུབ་ཐུབ་པ། ཆུ་ཐིགས་བསགས་ནས་རྒྱ་མཚོ་གྲུབ་པ་ལྟར་བཅས་བྱས་ཏེ་རང་རྒྱལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         གསང་སྤྱོད་ཀྱི་གནད་དོན་དེ་ཡུལ་སྐོར་ཁོར་ཡུག་ལེགས་སུ་གཏོང་བ་དང་འབྲེལ་བ་ཡོད་པ་མ་ཟད། ད་དུང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ལས་ཀ་དང་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་བ་དང་རྒྱལ་དམངས་ཀྱི་བྱང་ཚད་མཐོར་གཏོང་དང་སྤྱི་ཚོགས་ཀྱི་ཤེས་དཔལ་ཡར་ཐོན་དང་ཡང་འབྲེལ་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེའི་ཐད་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་ཆེན་པོ་གནང་གི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཁོང་གིས་རྒྱལ་ནང་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བའི་བརྒྱུད་རིམ་ནང་ཞིང་དུད་དུ་ཕེབས་ནས་གྲོང་མིར་རྒྱུན་དུ་སྤྱོད་པའི་གསང་སྤྱོད་ནི་ཆུ་བཤལ་གཏོང་བའི་གསང་སྤྱོད་ཡིན་ནམ་ཡང་ན་སྤྱིར་བཏང་གསང་སྤྱོད་ཡིན་ནམ་ཞེས་ཡང་ཡང་དྲིས་གནང་གི་ཡོད། གྲོང་ཚོའི་བཀོད་པ་དང་རྣམ་པར་གཟིགས་ཞིབ་གནང་སྐབས་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་གི་ཡོད། ཁོང་གིས་ཞིང་ལས་དེང་རབས་ཅན་གྱི་གོམ་སྟབས་མགྱོགས་སུ་ཕྱིན་པ་དང་བསྟུན་ནས་གྲོང་གསེབ་གསར་པ་འཛུགས་སྐྲུན་ལའང་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ“གསང་སྤྱོད་གསར་བརྗེ”བྱས་ནས་གྲོང་གསེབ་ཀྱི་མང་ཚོགས་ཚོས་གཙང་སྦྲ་དོད་པའི་གསང་སྤྱོད་བེད་སྤྱོད་ཐུབ་པ་བྱེད་དགོས་ཞེས་ནན་བཤད་ཐེངས་མང་གནང་བ་རེད།
          2015ལོ་ནས་བཟུང་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་ལོ་གསུམ་རིང་ཡུལ་སྐོར་གསང་སྤྱོད་འཛུགས་སྐྲུན་དང་དོ་དམ་བྱ་སྤྱོད་སྤེལ་འགོ་ཚུགས་ཡོད། བྱ་སྤྱོད་སྤེལ་ཚུན་རྒྱལ་ཡོངས་ཀྱི་ཡུལ་སྐོར་ཁོངས་གཏོགས་ཀྱིས“གསང་སྤྱོད་གསར་བརྗེ”རྨང་གཞིའི་འདུ་འགོད་དང་། ཤེས་དཔལ་འདུ་འགོད། དམངས་འཚོའི་འདུ་འགོད་བཅས་སུ་བརྩིས་ནས་དམ་འཛིན་བྱས་ཏེ་བཀོད་སྒྲིག་ཞིབ་ཚགས་དང་སྐུལ་འདེད་ནུས་ལྡན་བཏང་བས“གསང་སྤྱོད་གསར་བརྗེར”ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། འདི་ལོའི་ཟླ་བཅུ་པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་ཡུལ་སྐོར་གསང་སྤྱོད་ཁྱོན་བསྡོམས་ཁྲི་6.8བསྐྱར་སྐྲུན་དང་གསར་སྐྲུན་བྱས་ནས་དམིགས་ཚད་ལས་འགན་གྱི་19.3%ལས་བརྒལ་ཡོད། “གསང་སྤྱོད་གསར་བརྗེ”རིམ་བཞིན་མཛེས་ལྗོངས་ཁུལ་ནས་ས་ཁོངས་ཡོངས་སུ་ཁྱབ་པ་དང། གྲོང་ཁྱེར་ནས་གྲོང་གསེབ་ཏུ་ཁྱབ་པ། གྲངས་འབོར་འཕར་བ་ནས་སྤུས་ཚད་ལེགས་སུ་སོང་བའི་བར་འགྱུར་ལྡོག་བྱུང་བས་རྒྱ་ཆེའི་མང་ཚོགས་དང་ཡུལ་སྐོར་བའི་ཡོངས་ཁྱབ་ཀྱི་དགའ་བསུ་ཐོབ་ཡོད།