མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཟུར་པ་ཨོ་པ་མར་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་02ཉིན། 14:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་29ཉིན་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཨ་རིའི་ཙུང་ཐུང་ཟུར་པ་ཨོ་པ་མར་མཇལ་འཛོམས་གནང་བ་རེད།
         ཞི་ཅིན་ཕིང་གིས་ཨོ་པ་མ་ཡིས་ཨ་རིའི་ཙུང་ཐུང་གནང་རིང་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བའི་ཐད་ཀྱི་འབད་བརྩོན་ལ་གདེང་འཇོག་བཟང་པོ་གནང་བ་རེད།
          ཞི་ཅིན་ཕིང་གིས་ཀྲུང་ཨ་རྒྱལ་ཁབ་གཉིས་པོར་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་དང་གོ་ལ་ཧྲིལ་པོ་གོང་འཕེལ་དང་དར་རྒྱས་གཏོང་བའི་ཐད་རྒྱ་ཁྱབ་ཀྱི་ཐུན་མོང་གི་ཁེ་ཕན་མང་པོ་ཡོད་ལ། འགན་འཁྲི་ལྕི་པོ་ཡང་ཕྲག་ཐོག་ཏུ་བབས་ཡོད། ཀྲུང་ཨའི་འབྲེལ་བ་ཡུན་རིང་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཡོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ཀྲུང་ཨ་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་རྒྱལ་ཁབ་ཁག་གི་ཁེ་ཕན་དང་ཡང་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་མཉམ་དུ་འབད་འཐབ་བྱས་ནས་འགྲོ་འོང་དང་། སྤེལ་རེས། མཉམ་ལས་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་ཨོ་པ་མར་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་གྲུབ་འབྲས་གལ་ཆེན་ངོ་སྤྲོད་གནང་བ་རེད།
          ཨོ་པ་མས་ཞི་ཅིན་ཕིང་ལ་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་ལ་མི་རྣམས་ཀྱིས་བསྔགས་བརྗོད་བྱེད་འོས་པ་ཞིག་འདུག དགེ་མཚན་ལྡན་པའི་ཨ་ཀྲུང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་དང་མཐུན་པས་ཨ་ཀྲུང་ཕན་ཚུན་ཤེས་རྟོགས་དང་འགྲོ་འོང་མཉམ་ལས་བྱེད་ཟབ་ཏུ་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་འདོད་ཡོད་ཅེས་གསུངས་པ་རེད།